༄༅། །གསང་བ་འདུས་པའི་ཡིག་ཆུང་ཉེར་གཅིག་སོགས་བཞུགས་སོ། ། [001B] །ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལ་འཇུག་པའི་ལམ་བསྟན་པ་ཞེས་བྱ་བ། རྗེ་བཙུན་བླ་མ་རྡོ་རྗེ་འཆང་གི་ཞབས་ཀྱི་པདྨོ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དམིགས་ མེད་ཐུགས་རྗེས་བསྐྱོད་པའི་རྣམ་རོལ་གྱིས། །མ་ནོར་རྒྱལ་བའི་ལམ་བཟང་གསལ་མཛད་པ། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་བླ་མ་ཡི། །ཞབས་ཀྱི་པདྨོར་སྤྱི་བོས་ཕྱག་བགྱིད་དོ། །རྡོ་རྗེ་འཆང་གི་ཐུགས་བཅུད་ མཐར་ཐུག་པ། །བླ་མའི་ཞལ་གྱི་གདམས་པ་གནད་ཀྱི་མཆོག་སྔོན་མེད་ཡི་གེར་བྲིས་ལ་མཁའ་འགྲོ་ཡིས། །བུ་ལྟར་བརྩེར་དགོངས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡང་བདག་ཅག་གི་བླ་མ་རྗེ་བཙུན་རིན་པོ་ཆེ་ འདི་ནི། ཆེས་དཔག་པར་དཀའ་བའི་བློ་གྲོས་ཀྱི་སྟོབས་ཀྱིས། མདོ་རྒྱུད་ཐམས་ཅད་ལ་དྲི་མ་མེད་པའི་རིགས་པས་ལེགས་པར་དཔྱད་ཅིང་ཕྲ་ཞིང་ཆེས་ཞིབ་པར་ཚད་མ་གསུམ་གྱིས་སྒྲོ་འདོགས་ལྷག་མ་མེད་ པར་བཅད་པ་དང། འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་དབང་བསྐུར་ཞིང། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་མཐའ་ཡས་པ་ཉིན་རེ་བཞིན་དུ་གསན་པས་འཁྲུལ་པའི་དྲི་མ་མ་ལུས་པར་སྤངས་པ་དང། ས་ར་ཧ་དང་ [002A]༄༅། །ཀླུ་སྒྲུབ་དང་ཤ་ཝ་རི་དང་ལཱུ་ཨི་པ་ལ་སོགས་པའི་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་ཤིང། ཞིང་སྐྱོང་གི་མཁའ་འགྲོ་མ་སྤྲིན་ལྟར་དབང་དུ་འདུས་པས་ཕྱི་ནང་གི་ རྟེན་འབྲེལ་མ་ལུས་པར་འགྲིག་པ་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་མཛད་པས་རྡོ་རྗེའི་རྣལ་འབྱོར་ཡན་ལག་དང་བཅས་པ་ལ་ཉམས་མྱོང་ཚད་མས་ཐེ་ཚོམ་མ་ལུས་པར་སྤངས་པ་དང། དཀྱིལ་འཁོར་གྱི་ བདག་པོ་ཉིད་ཀྱིས་ཨ་ཏི་ཤ་འདས་ནས་བོད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་གནད་མ་ལུས་པ་རྟོགས་པ་གཞན་མ་བྱུང་བས། དེ་ཁྱོད་ཀྱིས་འདིའི་བདག་པོ་གྱིས་ཤིག་ཅེས། རྡོ་རྗེ་ཐེག་པའི་བསྟན་པ་གཏད་པས་རང་ཉིད་ཆོས་ཀྱི་རྒྱལ་ པོར་གྱུར་ཏེ་ཁྱད་པར་ལྔ་དང་ལྡན་པ་ཡིན་ལ། རྗེ་འདིས་རང་ཉིད་ལམ་གང་ནས་རྡོ་རྗེ་འཆང་གི་སར་གཤེགས་ཤིང་གདུལ་བྱ་སྐལ་བ་དང་ལྡན་པ་དག་ཀྱང་ལམ་དེ་ནས་འཁྲིད་པར་མཛད་པའི་སྲོལ་ཐུན་མོང་མ་ཡིན་པའི་གཙོ་ བོ་ནི། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་མཐར་ཐུག་པའི་ཡང་རྩེ་དཔལ་གསང་བ་འདུས་པ་དང། མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དང་སྙིང་པོར་གྱུར་པ་བྱིན་རླབས་ཀྱི་གཏེར་དཔལ་འཁོར་ལོ་སྡོམ་པ་གཉིས་ཡིན་ནོ། ། [002B]བླག་ཏུ་སྦྱིན་མོད་ཀྱིས། རྗེ་བླ་མའི་བཞེད་པ་གཉིས་ཀ་ཟུང་འབྲེལ་དུ་ཉམས་སུ་བླངས་ན་བསྐྱེད་རྫོགས་གཉིས་ཀའི་སྐབས་སུ་མཆོག་ཏུ་གལ་ཆེ་བའི་གནད་ཁྱད་པར་ཅན་ཡོད་པས་ཅི་ནས་ ཀྱང་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ལ་རྗེ་རིན་པོ་ཆེ་འདི་ཉིད་ཀྱི་གསུང་གི་མན་ངག་གི་གནད་ལ་ཤིན་ཏུ་མཁས་ཤིང། རང་ཉིད་ལམ་སྲོལ་མ་ཉམས་པར་སྒྲུབ་པ་སྙིང་པོར་བྱེད་པའི་བླ་མས་ལམ་འདིའི་སྒོ་ནས་སློབ་མ་ཇི་ལྟར་བཀྲི་ བ་དང། སློབ་མས་ཚུལ་ཇི་ལྟར་འཇུག་པར་བྱ་སྙམ་ན། སློབ་མ་ནི་ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པས་རྒྱུད་སྦྱངས་པས་ཚེ་འདི་ལ་མ་ཆགས་ཤིང། བྱང་ཆུབ་དོན་གཉེར་གྱི་བསམ་པ་ལ་མྱོང་བ་སྣ་ཟིན་སྐྱེས་པ། སྟོང་པ་ཉིད་ཀྱི་ལྟ་བ་ལ་ངེས་ པ་རྙེད་ཅིང། ཟབ་མོ་རྡོ་རྗེ་ཐེག་པ་ལ་མོས་པ་ཡོད་པ་སྟེ། དེ་ཡང་གསང་སྔགས་ཤེས་ལོ་ཟེར་བ་དང། དབང་དང། ཁྲིད་བརྒྱུད་ལ་སོགས་པ་ཐོབ་བོ་ཞེས་མིང་ཙམ་དོན་དུ་གཉེར་བ་མིན་པ་ཞིག་དགོས་ཏེ། དེ་འདྲ་བ་ནི་ཡུན་ཐུང་ལ་ཐོབ་རྒྱ་ཆེ་བ་ ཞིག་དགོས་པས། མང་དུ་ཉན་ཀྱང་ཅིའང་མི་ཤེས་པ་ཞིག་འོང་ཞིང། དེས་མི་ཤེས་བཞིན་དུ་སློབ་མ་སྡུད་པ་གཙོ་བོར་བྱས་ནས་བཤད་པས། ཆོས་གང་ཟབ་ཟབ་ཐམས་ཅད་ཅལ་ཅོལ་དུ་སོང་ནས་དར་བ་ཙམ་གྱིས་བསྟན་པ་ལ་གནོད་ པ་ཞིག་འོང་བ་ཡིན། རྟོག་གེ་དང་ཕྱིའི་བཤད་ཆོས་ལ་ཧ་ཅང་གཙོ་བོར་མི་འཛིན་པ་ཞིག་གལ་ཆེ་སྟེ། དེ་ལ་གཙོ་བོར་ཞེན་པ་དེས། གལ་ཆུང་སྔགས་ལ་བྱས་ནས་ཉ་པའི་ལག་ཏུ་ནོར་བུ་རིན་པོ་ཆེ་ཤོར་བ་འདྲ་བ་ཞིག་འོང། ཁྱད་པར་དེ་ [003A]༄༅། །འདྲ་བ་དེས་སྐྱེས་བུ་གང་མང་བ་དང་སྣོད་དུ་མི་རུང་བའི་མདུན་དུ་བསྐྱེད་རྫོགས་ཀྱི་གནད་ཟབ་མོ་ཐམས་ཅད་གང་ཤེས་བགྲོ་གླེང་དུ་ཁྱེར་ནས། གསང་སྔགས་དང་སྐུ་གསུམ་གྱི་རྩོད་པ་ལ་གསང་སྒྲོག་འོང་མི་འོང་གི་ཁྱད་པར་བློ་ ཡུལ་ན་ཅི་ཡང་མེད་པ་ཞིག་འོང་བས། གསང་སྔགས་འདྲེ་ལ་གཏད་པ་འདྲ་བ་ཞིག་འོང། གཞན་ཡང་རྟོག་གེ་དང་ཕྱིའི་ཐོས་པས་དྲེགས་ཤིང་ང་རྒྱལ་དེ་ལ་གཙོ་བོར་ཞེན་པ་ནི་ལན་ཅིག་སྔགས་ལ་ཞུགས་ཀྱང་ཡུན་རིང་དུ་དོན་དུ་གཉེར་བའི་སྐལ་བ་ མེད་པས། གདམས་པ་རྫོགས་པར་མ་ཐོབ་ཀྱང་ཁྱད་དུ་བསད་ནས་འགྲོ། ཆོས་ཐམས་ཅད་ལ་རགས་པ་རྩེ་བཏོགས་ར་རྩྭ་ཟ་བ་འདྲ་བ་ཞིག་མིན་པ། གདམས་ངག་གི་གནད་ཕྲ་མོ་ནས་རྩད་གཅོད་མི་ཤེས། གང་ཤེས་སྨྲ་བ་ལ་དགའ་བ་ལྷུར་ ལེན་གྱིས་ཉམས་སུ་ལེན་མི་ཤེས། ང་རྒྱལ་གྱིས་བླ་མ་བསྟེན་མི་མཁས་པ་དམ་ཚིག་ལ་ཅི་ཡང་མི་སེམས་པ་ཞིག་འོང་བ་ཡིན། དེ་ལ་དགོངས་ནས། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཁྲོ་དང་བཅས་ཤིང་རྟོག་གེར་གུས། །ན་སོ་དག་ནི་ཡོལ་བ་དང། ། གང་ཡང་དགེ་སློང་དངོས་གནས་དང། །ཞེན་དང་ཆགས་པས་བཅིངས་པ་ལ། །རིན་ཐང་མེད་པའི་རིན་ཆེན་ནི། །དེ་ལ་བཤད་པར་མི་བྱའོ། །ཞེས་དང། དེའི་འགྲེལ་པར། ཁྲོ་དང་བཅས་ཞེས་བྱ་བ་ནི། སྤྲོ་ཐུང་བ་དང་གནོད་པར་སེམས་པ་སྟེ། བྱས་ པ་དྲིན་དུ་མི་གཟོ་བའོ། །རྟོག་གེར་གུས་ཞེས་བྱ་བ་ནི། ཚད་མའི་བསྟན་བཅོས་ལ་གུས་པའམ། འཇིག་རྟེན་པའི་བསྟན་བཅོས་དོན་དུ་གཉེར་བའོ། །ན་སོ་དག་ནི་ཡོལ་བ་དང། ཞེས་བྱ་བ་ནི། ལུས་རྙིང་པ་སྟེ་ཁུ་བ་འཛིན་མི་ནུས་པའོ། །ཞེན་ [003B] ཞེས་པའི་ཞེན་པ་ནི་སེར་སྣ་ཆེ་བའོ། །ཆགས་པས་བཅིངས་པ་ནི། མ་ནིང་སྟེ་དེ་དག་ལ་བསྟན་པར་མི་བྱའོ། །ཞེས་གསུངས་ཏེ། དེ་ཡང་སྔགས་ལ་མོས་པ་དང་འདུན་པ་ཤུགས་དྲག་ཅིང་ཁེངས་པ་ཆུང་བའི་ སྟེང་དུ་ཚད་མ་དང། རིགས་པ་ལ་མཁས་པ་ནི་མཆོག་ཏུ་སྟོན་པ་ཡིན་གྱི་སྐྱོན་ག་ལ་ཡིན། རྟོག་གེ་དང་ཕྱིའི་ཐོས་པས་སེམས་ཕྲོགས་ཤིང་སྔགས་ལ་གཙོ་བོར་མི་འཛིན་པ་སྣོད་མིན་པར་བསྟན་པ་ཡིན་ལ། རྒན་པོ་སྣོད་དུ་མི་རུང་བར་བསྟན་ པ་ནི། ལམ་འདི་ཉམས་སུ་ལེན་པ་ལ་ལུས་ཀྱི་ཁུ་བའི་ནུས་པ་མ་ཟད་པ་གལ་ཆེ་བར་སྟོན་ཏེ། འདི་ཤིན་ཏུ་གནད་ཆེའོ། །དེས་ན་གཞོན་དུས་ཐོས་པ་བྱས་ནས་རྒན་སོང་བ་དང་ཉམས་ལེན་བྱེད་དོ། །ཞེས་ཟེར་བ་ནི་ལམ་འདིའི་དགག་བྱའི་གཙོ་ བོ་ཡིན་ནོ། །གང་ཡང་དགེ་སློང་དངོས་གནས་ལ་ཞེས་པ་ལ། །འགྲེལ་པར་དངོས་སུ་བཤད་པ་མ་བྱུང་ཡང་གསང་དབང་དངོས་དབང་དུ་བསྐུར་བ་ལྟ་བུ་ལ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་མཆོག་འགའ་ཞིག་ལ་དགེ་སློང་ཡིན་ཡང་དང་པོ་ནས་དངོས་ དབང་བསྐུར་བའི་སྐབས་ཡོད་ཀྱི། དེ་མ་གཏོགས་པའི་ནུས་པ་མ་ཐོབ་པའི་དགེ་སློང་ལ་གསང་དབང་སོགས་དངོས་དབང་དུ་བསྐུར་མི་རུང་ཞེས་པའི་དོན་ཡིན་གྱི། སྤྱིར་དགེ་སློང་སྔགས་བླ་མེད་ཀྱི་ལམ་སྟོན་པའི་སྣོད་དུ་མི་རུང་ཞེས་སྟོན་པ་མིན་ ཏེ། སྔགས་ཀྱི་གདུལ་བྱ་ལ་སོ་ཐར་གྱི་སྡོམ་པ་མཆོག་དང་ལྡན་པ་རྟེན་མཆོག་ཏུ་དུས་འཁོར་སོགས་རྒྱུད་སྡེ་དུ་མ་ནས་གསུངས་སོ་།གཞན་ཡང་བླ་མ་ལྔ་བཅུ་པ་སོགས་ནས་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་མདུན་དུ་འོངས་ཏེ་ [004A]༄༅། །ལམ་འདིའི་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པའི་བཀའ་དྲིན་ཞུ་བའི་གསོལ་བ་འདེབས་པར་བྱེད་ན། དེ་ལ་རིགས་གཉིས་ཏེ་གོ་བ་ཡོངས་སུ་རྫོགས་པ་དོན་དུ་གཉེར་བ་དང། མྱོང་བ་སྐྱེས་ནས་བསྐྱེད་རྫོགས་ཀྱི་ ལམ་སྣ་ཟིན་པ་དོན་དུ་གཉེར་བའོ། །དང་པོ་ནི། ཐོག་མར་བླ་མ་ལྔ་བཅུ་པ་རྩ་ལྟུང་དང་སྦོམ་པོའི་བསྲུང་མཚམས་ལེགས་པར་ཤེས་ཀྱི་བར་དུ་ཚིག་བཟུང་བཤད་པ་ཉན་ནས། སྔར་དབང་མ་ཐོབ་པའམ་ཐོབ་ཀྱང་དམ་ཚིག་གསོ་བའི་ཕྱིར་དུ་དབང་ བཞི་ཡོངས་སུ་རྫོགས་པ་དབང་དོན་འཕྲོད་ངེས་པ་གོ་རིམས་མ་འཆོལ་བར་བླང་བར་བྱ་སྟེ། དེ་ཡང་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྔོན་དུ་མ་སོང་བར། ལུས་དཀྱིལ་གྱི་དབང་མི་བསྐུར་ན། བུམ་དབང་མ་ བསྐུར་བ་ལ་དབང་གོང་མ་བསྐུར་བ་ལྟ་ཅི་སྨོས། དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་ལ་ཐུན་དྲུག་གི་སྡོམ་སེམས་མ་ཆག་ཅིང་ཕྱིར་བཅོས་དང་བསྲུང་སྡོམ་ལ་འབད་པའི་ངང་ནས། བློ་མཆོག་གིས་གསང་སྔགས་ལམ་རིམ་དང་ བློ་ཞན་པས་ཁོ་བོས་སྦྱར་བའི་རྒྱུད་སྡེ་སྤྱིའི་རྣམ་གཞག་རྣམས་ལེགས་པར་ཉན་ཅིང་སྦྱངས་ནས་སྔགས་དང་ཕར་ཕྱིན་གྱི་ལམ་གྱི་ཁྱད་པར་རྒྱུད་སྡེ་བཞི་དང། རྒྱུད་མ་རྒྱུད་ཀྱི་ལམ་གྱི་ཁྱད་པར། སྨིན་བྱེད་དབང་དང་ལམ་རིམ་པ་ གཉིས། ས་ལམ་དང། སྤྱོད་པ་བྱེད་ཚུལ། ཉོན་མོངས་ལམ་དུ་བྱེད་ཚུལ་དང། འབྲས་བུ་མངོན་དུ་འགྱུར་ཚུལ་སོགས་ཀྱི་སྔགས་སྤྱིའི་རྣམ་གཞག་རགས་པ་ལེགས་པར་ཆགས་པ་ཞིག་བྱ། དེ་མེད་ན་སྔགས་ལ་མོས་པ་ [004B] གཞན་གྱིས་གཡམ་ལ་རྒྱུགས་ཤིག་མིན་པ་སྔགས་ཟབ་མི་ཟབ་ཀྱི་རྣམ་དབྱེ་ལྟ་ཅི་སྨོས། མུན་རྡོ་འཕེན་པ་དང་འདྲ་བ་ཞིག་འོང་བ་ཡིན་ནོ། །དེ་ནས་ཐོག་མར་གསང་འདུས་དང། དེ་ནས་བདེ་མཆོག་གི་སྒྲུབ་ཐབས་དཀྱིལ་ཆོག་ ཐིག་སྦྱིན་སྲེག་སོགས་ཆ་ལག་དང་བཅས་པ་ལ་ཞིབ་པར་སྦྱངས་དེ་ཡང་གསང་འདུས་ལ་སྔོན་དུ་གོ་བ་ཆགས་ན་གཞན་རྣམས་ལ་གོ་བ་འབད་མེད་དུ་འཆགས། དེ་ལས་བཟློག་ན་དེ་ཙམ་དུ་ཕན་ཆུང་བར་ཡོད་པས། སྔོན་ལ་འདུས་པ་ལ་ཁྲིད་པ་ཡིན་ དེས་འདུས་པའི་བསྐྱེད་རིམ་ལ་རྗེ་བླ་མས་མཛད་པའི་རྣམ་གཞག་རིམ་པའི་ཊཱིཀྐ་དང། ཁོ་བོས་སྦྱར་བའི་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་པ་སོགས་ཞིབ་པར་ཉན་ཅིང་སྦྱངས་ནས། ཀུན་གྱི་གཞི་མ་བསྐྱེད་རིམ་ལ་སྦྱང་གཞི་སྦྱོང་བྱེད་དང། འབྲས་ བུའི་ཆོས་མཐུན། རྫོགས་རིམ་གང་གི་སྨིན་བྱེད་དུ་གང་འགྱུར་བ་སོགས་ཀྱི་གོ་བ་ལེགས་པར་ཆགས་པ་ཞིག་བྱས། དེ་ནས་བསྐྱེད་རིམ་ལ་སེམས་འཛིན་ཚུལ་གོ་བ་ལེགས་པར་ལོངས་པའི་བསྐྱེད་རིམ་གྱི་ཁྲིད་བྱ། དེ་ནས་གདན་རྫོགས་ཀྱི་ཁྲིད་སླ་ ཆོས་སུ་མ་སོང་བར་ལེགས་པར་ཁྲིད་ནས་བསྒོམ་ཚུལ་རགས་པ་ཤེས་ཤིང། བསྐྱེད་ཚུལ་གྱིས་ཕྱོགས་མཐོང་ཡོད་པ་རིམ་ལྔ་སྤྱི་དང་སོ་སོའི་གོ་བ་རགས་པ་ལེགས་པར་ཆགས་པ་ཞིག་ཁྲིད་ཀྱི་སྐབས་སུ་འོང་དགོས་པས། ད་མ་བྱུང་བར་ དུ་ཆོས་དང་ཟང་ཟིང་གི་འབྲེལ་པ་གཞན་ཅུང་ཟད་མེད་པར་འབུར་ལ་བཏབ་ནས་ཁྲིད་དགོས་པ་ཡིན། དེ་ཡང་ལུས་དབེན་གྱི་ཕྲ་མོ་བསྒོམ་པ་དང་རྡོར་བཟླས་གཉིས་ལ་དམིགས་པ་རེ་རེ་ལ་མ་མཐའ་ཟླ་བ་ཕྱེད་རེའམ། རིང་ན་ཁྲིད་དཀྱུས་མ་ལའང་ [005A]༄༅། །དམིགས་པ་རེ་ལ་ཞག་ཉེར་གཅིག་ཙམ་འཇོག་པ་མཛད། དེ་ནས་མི་ཤིགས་པ་བསྒོམ་པ་དང། རྨི་ལམ་གྱི་སྐོར་རྣམས་རིང་བར་འཇོག་གཞན་རྣམས་དུས་སྐབས་དང་སྦྱོར། དེ་ལྟར་འཁྲིད་རྫོགས་ནས་ངེས་པར་རིམ་ལྔ་ གསལ་སྒྲོན་གསུང་བ་ཕྱག་ལེན་ཡིན་ཅིང། མི་ཉན་ཀ་མེད་དུ་ཡོད་པས་ལེགས་པར་ཉན་ཅིང། ཞིབ་ཏུ་ལྟ་བ་དང་སེམས་པ་སོགས་ཀྱི་སྒོ་ནས་འདུས་པའི་ལམ་གྱི་གོ་བ་ལེགས་པར་ཆགས་པ་ཞིག་བྱ། དེ་ཡང་འདུས་པའི་བསྐྱེད་རྫོགས་ཀྱི་གོ་བ་ ལེགས་པར་ཆགས་པའི་སྒོ་ནས་སྟོང་པ་བཞི་ལས་སྒྱུ་མའི་སྐུ་བསྒྲུབ་ཚུལ་ལེགས་པར་ཤེས་པ་ཞིག་དང། དེའང་འོད་གསལ་གྱིས་སྦྱངས་པས་ཟུང་འཇུག་གི་སྐུ་བསྒྲུབ་ཚུལ་མཐའ་ཆོད་པར་མ་ཤེས་ན། ཚེ་གཅིག་ལ་སངས་རྒྱས་བསྒྲུབ་པའི་ ཚུལ་ཇི་ལྟར་བྱེད་པའི་ལམ་གྱི་ཕྱོགས་མཐོང་ཙམ་ཡང་འོང་ས་མེད་པས། འདི་ལ་སྦྱང་བ་གལ་ཆེ་བ་ཡིན། དེ་ནས་བློ་གྲོས་ཀྱིས་ལྕོགས་པ་ཙམ་ཡོད་ན། ངེས་པར་འདུས་པའི་རྒྱུད་ལ་གོ་བ་ཆགས་ངེས་པ་སྦྱངས་ཤིང། དེ་ནས་བདེ་མཆོག་གི་ སྒྲུབ་ཐབས་ཀྱི་རྣམ་བཤད་ཆེན་མོ་རྗེ་བླ་མ་ཉིད་ཀྱིས་མཛད་པ་ལེགས་པར་ཉན་ནས། བསྐྱེད་རིམ་གྱི་གོ་བ་ཆགས་པ་དང་བསྐྱེད་རིམ་གྱི་ཁྲིད་བྱེད། དེ་ནས་ལོ་དྲིལ་གྱི་ཁྲིད་རྗེ་ཉིད་ཀྱིས་མཛད་པ་དང། ནག་པོ་པའི་རྫོགས་རིམ་གྱི་དཔྱིད་ཐིག་ལ་ ཡི་གེ་མཛད་པ་མེད་ནའང། རྗེ་ཉིད་ལ་ལེགས་པར་ཐོབ་པའི་གསུང་གི་སྟེང་ནས་བདེ་མཆོག་གི་རྫོགས་རིམ་སོ་སོའི་གྲུབ་ཆེན་གྱི་དགོངས་པ་ལྟར་སྐྱོང་ཚུལ་དང། གོ་བའི་རྣམ་གཞག་ལེགས་པར་ཆགས་ཀྱི་བར་དུ་ཁྲིད་བྱ། དེ་ནས་བདེ་ [005B] དེ་ཡང་བསྐྱེད་རྫོགས་ལ་སྔོན་དུ་གོ་བ་མ་ཆགས་ན་རྒྱུད་ཚར་ཇི་ཙམ་ཉན་ཡང་ཡམ་མེ་བ་ཞིག་ལས་འོང་ས་མེད་པས་གོ་རིམས་ཀྱི་ཕྱག་བཞེས་དེ་ཡེ་མ་འཆོལ་བ་དགོས་ཤིང། རྫོགས་རིམ་གྱི་ཁྲིད་ཐམས་ ཅད་ལ་ཚོགས་འཁོར་རྒྱས་པ་དང། གདན་རྫོགས་ཀྱི་སྐབས་སུ་ཁྲིད་ཀྱི་འགོ་འཛུགས་པ་ན་བླ་མ་ལ་མཆོད་པ་རྒྱས་པར་བཤམ། བྱིན་གྱིས་བརླབས་ཏེ། བླ་མ་རྡོ་རྗེ་འཆང་དུ་བསྐྱེད་པ་ལ་མཆོད་ཅིང་བསྟོད་དེ་གཏོར་མ་དང་མཎྜལ་རྒྱས་པར་ཕུལ་ ནས་གསོལ་བ་གདབ་པ་དང། སྒྱུ་ལུས་དང་འོད་གསལ་གྱི་དམིགས་པ་ལ་སློབ་པ་ནའང་དེ་ལྟར་བྱས་ཏེ། རིམ་ལྔ་ནས་འབྱུང་བའི་སྒྱུ་ལུས་དང་འོད་གསལ་གྱི་རང་རང་གི་ཐུན་མོང་མིན་པའི་བསྟོད་པ་གསོལ་གདབ་དང་བཅས་པ་བྱེད་པ་དང། འདུས་ པའི་རྒྱུད་ཀྱི་ཆོས་ཀྱི་ཐོག་མཐའ་གཉིས་སུ་ཇི་ལྟར་བྱ་བའི་ཆོ་ག་རྗེ་ཉིད་ཀྱིས་ཡི་གེ་ལོགས་སུ་མཛད་པ་ལྟར་བྱེད་པ་དང། རྒྱུད་མཆོད་ཀྱི་ཚོགས་འཁོར་རྒྱས་པ་དང། བདེ་མཆོག་གི་རྒྱུད་ཀྱི་ཐོག་མར་མཆོད་པ་གསོལ་གདབ་ཀྱི་བར་དུ་ཚོགས་འཁོར་ རྒྱས་པ་དང། མཐར་གཏང་རག་གི་མཆོད་གཏོར་དང་བསྟོད་པ་སོགས་རྒྱས་པར་བྱེད་པའི་ཕྱག་ལེན་རྣམས་སླ་ཆོས་དང་ཕྱི་གཤོལ་དུ་ཡེ་མ་ལུས་པ་གལ་ཆེ་བ་ཡིན། བདེ་མཆོག་གི་རྒྱུད་ཀྱི་སྐབས་སུ་སྔགས་བཏུ་བྱེད་ན་ཚོགས་འཁོར་ཁྱད་པར་ཅན་ བྱས་ནས་སྔགས་བཏུའི་རྗེས་གནང་དང་སྦྲེལ་ནས་མཛད་པ་ཕྱག་ལེན་ཡིན། གལ་ཆེ་བ་རང་ལ་མིན་པ་རྒྱུད་གསུང་རེས་ཀྱིས་མི་མཛད། དྲིལ་བུ་རིམ་ལྔའི་བླ་མ་སྔ་མའི་ཕྱག་བཞེས་ཀྱི་བྱིན་རླབས་དེ་ཡང་གལ་ཆེ་བ་ལ་མཛད། དེ་དག་གིས་འདུས་པ་ [006A]༄༅། །དང་བདེ་མཆོག་གི་ལམ་གྱི་སློབ་མ་ཇི་ལྟར་བཀྲི་བའི་ཚུལ་དཀྱུས་མ་དེ་བརྗོད་པ་ཡིན་ནོ། །ད་ནི་སླབ་མ་ཆེ་འདི་ལ་ལྟས་པ་མེད་པར་སྒྲུབ་པ་སྙིང་པོར་བྱས་ཏེ། བསྐྱེད་རྫོགས་ཀྱི་ལམ་སྣ་ཟིན་པ་དོན་དུ་གཉེར་བ་ཞིག་བླ་ མས་ཇི་ལྟར་བཀྲི་བའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་བློ་ནུས་ཆེ་ཆུང་གི་རྒྱུད་ལ་སྦྱངས་པ་བྱེད་མི་བྱེད་སྐབས་དང་སྦྱར་བ་མ་གཏོགས་སྔར་བཤད་པའི་རིམ་པ་ཇི་ལྟ་བ་བཞིན་དུ་སྔོན་དུ་བཏང་ན་ལེགས། དེ་ནས་བླ་མས་རིམ་གཉིས་ཀྱི་ཉམས་ ལན་ཐམས་ཅད་ལ་ཁྲིད་དུ་བྱས་ནས་དམིགས་པ་ཐམས་ཅད་ལ་རང་རང་གི་མྱོང་བ་སྣ་ཟིན་རེ་མ་སྐྱེས་ཀྱི་བར་དུ། མ་སྐྱེས་པ་བསྐྱེད་ཚུལ། སྐྱེས་པ་བོགས་འབྱིན་ཚུལ། གེགས་སེལ་ཚུལ་སོགས་མན་ངག་གི་གནང་ལ་མཁས་པས་ལེགས་ པར་འཁྲིད་པ་ཡིན་ནོ། །དམར་ཁྲིད་ཅེས་པ་སྨན་པའི་སློབ་དཔོན་གྱིས་སློབ་མ་ལ་མིའི་རོ་ཁ་ཕྱེ་ནས་དོན་ལྔ་སྣོད་དྲུག་གི་ཆགས་ཚུལ་སོགས་རེ་རེ་ནས་དངོས་སུ་བསྟན་ནས་ཁྲིད་པ་ལྟར་འདི་ལྟར་བསྒོམས་ན་འདི་བཞིན་འབྱུང་ངོ་ཞེས་པའི་ལུང་སྟོན་པ་ ཙམ་མིན་པར། དངོས་སུ་མ་སྐྱེས་ཀྱི་བར་དུ་བླ་མས་ལག་ཁྲིད་བྱས་ནས་ཁྲིད་པ་ལ་ཟེར་བ་ཡིན། དེ་ཡང་སྒྲུབ་པ་སྙིང་པོར་བྱས་ནས་ཆེ་འདིར་རྟོགས་པ་སྐྱེ་བར་འདོད་ན། བླ་མའི་བསྟེན་ཚུལ་སོགས་ལ་ད་ལྟ་ཉམས་ལེན་བྱ་རྒྱུ་གལ་ཆེ་བའི་གནད་ མང་དུ་ཡོད་པས། དེ་རྣམས་ཁོ་བོས་ཡིག་ཆུང་དུ་བཀོད་པ་ལྟར་ཤེས་པར་བྱས་ནས་ལག་ལེན་ལ་སྦྱོར་བ་གལ་ཆེ་བ་ཡིན། དེ་ནས་དམ་ཚིག་གི་སྐོར་ལ། དམ་ཚིག་གི་རྡོ་རྗེའི་བསྒོམ་བཟླས་དང་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་སོགས་རྗེ་ [006B]ཞེས་གསུངས་པ་ལས་དངོས་སུ་བཀོད་པ་དང། གཞན་ཡང་ཞལ་ལས་བྱུང་བའི་གནད་ཆེ་བ་ཁ་ཡར་ཡོད་པ་རྣམས་ད་ལྟ་ནར་མ་དང། སྐབས་སུ་བག་ལེན་ལ་སྦྱོར་བ་མི་རུང་བ་ཡིན་པས་ཡི་གེར་ལོགས་ སུ་བཀོད་པ་ལྟར་ཤེས་པར་བྱས་ནས། འཕྲལ་དུ་ལག་ལེན་ལ་སྦྱར་བར་བྱའོ། །དེ་ནས་ལམ་བསྐྱེད་རྫོགས་གང་ཉམས་སུ་ལེན་ཀྱང་ཐོག་མར་ལྟ་བ་མཐར་ཐུག་པ་དེ་ལེགས་པར་ངེས་ནས། སྐྱོང་ཚུལ་གྱི་གནང་ལ་མཁས་པ་ཞིག་དགོས་ཏེ། དེ་མེད་ན་ བསྐྱེད་རྫོགས་གང་ཉམས་སུ་བླངས་ཀྱང་ཐབས་རྐྱང་པའི་ཉམས་ལེན་དུ་སོང་ནས། ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལན་ཆ་ཙམ་ཞིག་ཀྱང་མི་འབྱུང་ཞིང། བསྐྱེད་རྫོགས་གང་ལ་ཡང་འཁོར་བའི་རྩ་བ་གཅོད་པའི་གཉེན་པོ་གཏན་ནས་མ་འདྲེས་པ་ཞིག་ འོང་བས། ཐོག་མར་ལྟ་བ་ཚོལ་བ་དང། དེ་ཡང་ཐོག་མར་དབུ་ཚད་ཀྱི་རིགས་པ་ལ་སྦྱངས་པ་ཡིན་ན་ཅུང་ཟད་ཁྲིད་སླ་ཡང་མ་སྦྱངས་པ་ལ་ལྟ་བའི་ངེས་པ་འདྲེན་ཚུལ་ཇི་ལྟར་བྱ་བ་དང། སྐྱོང་བ་ནའང་བླ་མེད་དང་ཕར་ཕྱིན་གྱི་ཐེག་པའི་ལྟ་བ་སྐྱོང་ཚུལ་ ཡེ་མི་འདྲ་ཞིང། ཞི་ལྷག་གི་གོ་རིམས་དང་ལྟ་བ་བསྐྱངས་པའི་བྱེད་ལས་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བ་དང། རྫོགས་རིམ་དང་ཕར་ཕྱིན་གྱི་ཐེག་པ་བ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མྱུར་བུལ་གྱི་ཁྱད་པར། ཉི་ཟླའི་འགྲོས་དང། བ་ལང་གི་འགྲོས་ ལས་ཀྱང་ཤིན་ཏུ་ཆེ་བ་ཡོད་པའི་ཚུལ་དང། དེ་ལྟར་འོང་བའི་རྒྱུ་མཚན་གྱིས་གནད་ཤིན་ཏུ་ཟབ་པ་དང། དེའི་རྒྱུ་མཚན་གྱིས་མཚམས་མེད་པ་ལྔ་ག་དང། མི་དགེ་བ་བཅུ་ཆེན་པོའི་ཆེན་པོ་རྣམས་གྲངས་ཚང་བ་དང། ཆོས་སྤོང་བ་དང། དགེ་ [007A]༄༅། །སློང་གི་ཕམ་པ་བཞི་ཆར་སྤྱོད་པ་རྣམས་ཀྱང་ལམ་འདིས་ཚེ་འདི་ཉིད་ལ་འཚང་རྒྱ་བའི་གནད་ལ་སོགས་པ་མང་པོ་ཞིག་ཤེས་དགོས་པ་ཡིན། དེ་དག་ལྟ་བའི་ཡི་གེར་ཤེས་པར་བྱའོ་།དེ་ནས་བསྐྱེད་རིམ་ལ་བརྟན་པ་རྗེས་མཐུན་ པ་ཐོབ་ནས་བསྒོམས་ནས་རྫོགས་རིམ་ཀྱང་རྗེས་མཐུན་པ་ཙམ་སྐྱེ་ལ། བསྐྱེད་རིམ་མཐར་ཕྱིན་ནས་བསྒོམས་ན། རྫོགས་རིམ་ཀྱང་རྒྱུད་སྡེ་དང་གྲུབ་ཆེན་གྱིས་བཤད་པ་ཇི་འདྲ་བའི་མཚན་ཉིད་ཚང་བ་སྐྱེ་བ་ཡིན་ཅིང། རྒྱུད་དང་གྲུབ་ཆེན་གྱིས་བཤད་པའི་ རྫོགས་རིམ་རྗེས་མཐུན་པ་ཙམ་སྐྱེས་ནའང། བོད་ལ་རྫོགས་རིམ་འགངས་ཆེན་བསྐྱེད་པར་གྲགས་པ་ཕལ་ཆེ་བའི་རྟོགས་པས་བསྒྲུན་པར་མི་ནུས་ཤིང། སྐྱེ་བ་གཏན་གྱི་མདུན་མ་གྲུབ་པ་ཡིན་ནོ་།གང་ལྟར་ཡང་རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ ལ་མྱོང་བ་སྣ་ཟིན་མ་སྐྱེས་བར་དུ་སྦྱོང་བ་གནད་ཤིན་ཏུ་ཆེ་བ་ཡིན། དེ་ཡང་བསྐྱེད་རིམ་ལ་གསལ་སྣང་དང་ང་རྒྱལ་བརྟན་པོ་བསྒྲུབ་ཚུལ་རགས་པ་ཙམ་ཞིག་རྗེ་ཉིད་ཀྱི་གསུང་རབ་རྣམས་ལས་བསྟན་མོད་ཀྱི། རེ་རེ་ནས་རིམ་ཅན་དུ་འཁྲིད་ཚུལ་ཞིབ་ པར་ངེས་པ་དང། དེ་དག་གི་སྐབས་སུ་བློའི་རིགས་སོ་སོ་ལ་བལྟོས་པའི་འཁྲིད་ཚུལ་མི་འདྲ་བ་དགོས་པ་རྣམས་ཞིབ་ཏུ་ངེས་དགོས་པར་ཡོད་པས་བསྐྱེད་རིམ་གྱི་ཡི་གེར་བལྟ་བར་བྱའོ། །བསྐྱེད་རྫོགས་གང་གི་སྐབས་སུ་ཏིང་ངེ་འཛིན་རྣལ་མ་སྐྱེ་བའི་ གེགས་ཀྱི་གཙོ་བོ་ནི་བྱིང་རྒོད་གཉིས་ཡིན་པས། འདི་གཅོད་པའི་ཚུལ་ལ་གཞུང་ཆེན་མོ་རྣམས་ནས་འབྱུང་བའི་བྱིང་རྒོད་ཀྱི་གཉེན་པོ་དང་དྲན་ཤེས་བསྟེན་ཚུལ་སོགས་ཀྱི་འགལ་སྤོང་གི་རྣམ་གཞག་རྒྱས་པ་ལམ་རིམ་དུ་རྗེ་ཉིད་ཀྱིས་རྒྱས་པར་ [007B]པར་བྱས་ནས་བྱིང་རྒོད་གཙད་པ་ཡིན་མོད། འོན་ཀྱང་བྱིང་རྒོད་ཤིན་ཏུ་ཤས་ཆེ་བ་ལ་ཐོག་མར་བྱིང་རྒོད་བཙན་ཐབས་སུ་གཅོད་པའི་མན་ངག་ཟབ་མོ་དང། བྱིང་རྒོད་སྐྱེ་བའི་རྒྱུ་དང་སྤྱོད་ལམ་ སྤོང་ཚུལ་སོགས་ཤིན་ཏུ་གལ་ཆེ་བའི་མན་ངག་དག་ལོགས་སུ་ཤེས་པར་བྱ་དགོས་སོ། །ལུས་ལ་གནད་དུ་བསྣུན་ནས་རྫོགས་པའི་རིམ་པ་བསྒོམ་པ་ལ་ནི་ལུས་ཀྱི་བྱེད་བཅིངས་དང། འཁྲུལ་འཁོར་དང་སྤྱོད་ལམ་ལ་སོགས་པའི་གནད་ཞིབ་བར་ ངས་ནས། ལག་ལེན་ལ་གདབ་པ་གལ་ཆེ་བ་ཡིན་པས་དེ་དག་གི་རྣམ་པར་བཞག་པ་ཡང་ལུས་ཀྱི་བྱེད་བཅིངས་བསྟན་པ་ལས་ཤེས་པར་བྱའོ། །ཁྱད་པར་དུ་ཡང་ལུས་ལ་གནད་དུ་བསྣུན་པ་ལས་ལྷག་གི་སྐྱེས་པའི་ཡེ་ཤེས་བསྒྲུབ་པར་འདོད་པ་ དག་གིས་ཐོག་མར་གང་ལ་གནང་དུ་བསྣུན་པའི་གཞི་གནས་པ་རྩ། གཡོ་བ་རླུང། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་ཀྱི་དང་པོར་གྲུབ་ཚུལ། དེ་ལྟར་རྩ་ཕྲ་རགས་རྣམས་ལུས་ཀྱི་གནས་གང་ན་ཚུལ་ཇི་ལྟར་གནས་པ། རླུང་རྣམས་གནས་ གང་དུ་གནས་ནས་དུས་གང་གི་ཚེ་གང་ནས་གང་དུ་ཇི་ལྟར་རྒྱུ་ཞིང་ལས་གང་བྱེད་པ། ཁམས་དཀར་དམར་གཙོ་བོ་དང་ཕལ་པའི་ཁྱད་པར་དེ་དག་གནས་གང་ན་གནས་ཤིང་འཕེལ་འགྲིབ་སོགས་ཇི་ལྟར་བྱེད་པའི་རྣམ་གཞག་རྣམས་བླུན་པོའི་ རང་བཟོས་མ་བསླད་ཅིང། རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་ཇི་ལྟ་བ་བཞིན་དུ་བླ་མའི་མན་ངག་གིས་ལེགས་པར་ཐག་ཆོད་ངེས་སུ་གོ་བ་ཞིག་མེད་མི་རུང་ཡིན་ལ་དེ་ཡང་རྗེ་ཉིད་ཀྱིས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པར་རྩ་བའི་རྣམ་གཞག་ [008A]༄༅། །རགས་པ་ཙམ་ཞིག་མཛད་ཀྱང། གཞན་གསུང་རབ་གང་དུ་ཡང་དངོས་སུ་ཞིབ་པར་མཛད་པ་མེད་ཅིང། ཞལ་ལས་ཞིབ་ཏུ་གསུངས་པ་རྣམས་ལེགས་པར་ངེས་དགོས་པ་ཡོད་ལ། རླུང་གི་རྣམ་གཞག་ཞིབ་པར་རིམ་ལྔ་ གསལ་སྒྲོན་དུ་གསུངས་མོད་ཀྱི། གསུང་རབ་བརླིང་པས་བློ་ཞན་པ་ཁ་ཅིག་གིས་ཅུང་ཟད་རྟོགས་དཀའ་བ་ཁ་ཅིག་དང། ད་དུང་ཞིབ་ཆ་ངེས་དགོས་པ་ཅུང་ཟད་ཡོད་ལ། ཁམས་དཀར་དམར་གྱི་རྣམ་གཞག་ནི་རྫོགས་རིམ་གྱི་ཡི་གེ་རྣམས་སུ་ཅི་རིགས་གསུངས་ མོད་ཀྱི། ད་དུང་ཁྱད་པར་ངེས་དགོས་པའང་མང་པོ་ཞིག་ཡོད་ཀྱི། དེ་ལ་བརྟེན་ནས་སྙིང་གར་སེམས་དཔའ་སུམ་བརྩེགས་བྱེད་པའི་གནད་དང་སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་འགོད་པའི་གནད་ལ་སོགས་པ་ཆེས་ཟབ་མོ་ མང་པོ་ཞིག་ཤེས་དགོས་པ་ཡོད་དེ། དེ་དག་གི་གནས་པ་རྩའི་གསལ་བྱེད་གཡོ་བ་རླུང་གསལ་བྱེད། བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་གསལ་བྱེད་རྣམས་ལས་ཞིབ་པར་ངེས་པར་བྱའོ། །དེ་ལྟར་ཤེས་པ་ཙམ་གྱིས་ཕན་ཐོགས་ཤིང། མ་ཤེས་ན་ཉམས་ ལེན་ཀྱི་གཙོ་བོ་དག་མི་རྙེད་པའི་གནས་དེ་དག་ལེགས་པར་ཤེས་དགོས་པ་སྔོན་དུ་བཏང་ནས་དེའི་རྗེས་སུ་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་ཟབ་མོ་སྒོམ་པ་ལུས་ལ་གནད་དུ་བསྣུན་ཞེས་པའི་དོན་ནི། ལུས་ཀྱི་གནད་ཆེ་སར་དམིགས་པས་བསྣུན་ནས་ བསྒོམ་པ་ལ་ཟེར་བ་ཡིན་ཅིང། དེ་ཡང་རྩའི་གནད་གང་ན་གནད་ཆེ་བ་གང་ཡོད་དེ་དག་ལ་གནད་དུ་བསྣུན་ཚུལ་ཇི་ལྟར་བྱས་ན་ཡོན་ཏན་གང་སྐྱེས། གནད་དུ་བསྣུན་ནས་བསྒོམས་པས་རྒྱུད་ལ་ཐོག་མ་དང་བར་དང། ཐ་མར་གང་སྐྱེ་བའི་རིམ་པ་ཇི་ལྟར་འབྱུང་ [008B] འདུ་ལུགས་ལེགས་ཉེས་འདོད་པ་བཞིན་དུ་འདུ་བའི་ཕྱི་ནང་གི་རྟགས། འདུ་བའི་ཚུལ་ཇི་ལྟར་བྱེད་འདུ་ལུགས་ལེགས་པ་ལ་ཡོན་ཏན་སྐྱེ་ཚུལ། ཉེས་པ་ལ་སྐྱོན་སྐྱེ་ཚུལ། དེ་དག་ལ་བོགས་འདོན་དང་གེགས་སེལ་ཇི་ལྟར་བྱ་ཚུལ་ཁྱད་ པར་རླུང་ཨ་ཝ་དྷཱུ་ཏཱིར་འདུས་པ་ལས་གཏུམ་མོ་འབར་ཚུལ་ཁྱད་པར་ཅན་དང། ཁྱད་པར་ཅན་མིན་པའི་རྣམ་དབྱེ་དེ་ལས་ཁམས་འཇུབ་ཁྱད་པར་ཅན་དང་ཁྱད་པར་ཅན་མིན་པ་ཇི་ལྟར་འབྱུང་བ། ཡས་བབས་དང་མས་བརྟན་གྱི་དགའ་བའི་རིམ་པ་མང་པོ་དང་ཁྱད་པར་ ཡས་བབས་ཀྱི་དགའ་བཞི་ཐོག་མར་འདྲེན་ནུས་པའི་མཚམས་ནས་མས་བརྟན་རང་གི་ངང་གིས་འདྲེན་མི་ཐུབ་པས། དང་པོར་ཆེད་དུ་བསྟད་ནས་མས་བརྟན་བསྐྱེད་དགོས་ཤིང། དེ་བྱང་བ་དང་རང་གིས་ངག་གིས་འདྲེན་ཐུབ་པས་ཐོག་མར་ཆེད་དུ་བསྟད་ནས་མས་བརྟན་ བསྐྱེད་པའི་མན་ངག་དང། པ་རྒྱུད་མ་རྒྱུད་ཀྱི་མན་ངག་སོ་སོ་ལས་བསྐྱེད་པའི་དགའ་བཞིའི་ཁྱད་པར་ཤིན་ཏུ་ཆེ་བ་སོགས་ཀྱི་གོ་བ་ཙམ་མིན་པར་རིམ་ལྔའི་མན་ངག་ལས་སྙིང་གར་སྟོང་པ་བཞི་འཆར་ནུས་པའི་མཚམས་ནས་མ་རྒྱུད་ཀྱི་དགའ་བཞི་དེའང་ཇི་ལྟར་ འདོད་པ་བཞིན་འདྲེན་ནུས་སོ་ཞེས་རྗེ་རིན་པོ་ཆེས་མཛད་པའི་རྫོགས་རིམ་གྱི་ཡི་གེ་ལས་གསུངས་པ་ལྟར་ལག་ལེན་ལ་སྦྱོར་ཚུལ་གྱི་མན་ངག་གི་གནད་དང། དེ་དག་གི་སྐབས་སུ་རླུང་གི་གེགས་བྱུང་ན་སྔར་བཞིན་དུ་མན་ངག་བསྒོམས་པ་ལས་རླུང་ལ་སོགས་ པའི་གེགས་ཆེན་པོར་སོང་བ་ཞིག་མདུན་དུ་འོངས་ནས་མན་ངག་ལ་དོན་གཉེར་སྐྱེས་པ་རང་གིས་ཁྲིད་དགོས་པ་བྱུང་ན་རང་རེའི་དམིགས་པ་སྐྱོང་ཚུལ་ལ་གེགས་ཆེན་པོ་མི་འབྱུང་ངེ་བྱས་པས་མི་ཆོག་གི་སྔར་གེགས་ཆེན་པོ་བྱུང་ཟིན་མ་ཐོན་པ་དེ་སྟོན་ནས་ [009A]༄༅། །འཁྲིད་དགོས་པས་གེགས་སེལ་ཚུལ་ལ་ཤིན་ཏུ་མཁས་དགོས་ཏེ། རྗེ་ཉིད་ཀྱི་དྲུང་དུའང་གཞན་དུ་གེགས་ཆེན་པོར་གྱུར་པ་མན་ངག་བསྟན་པ་ཙམ་གྱིས་གྲོལ་བ་མང་དུ་བྱུང་ངོ། །དེ་ལྟར་གེ་བ་ཚོལ་ལུགས་མ་ནོར་བ་ཙམ་གྱིས་མི་ཆོག་ གི་ཚེ་འདིར་ལམ་རྒྱུད་ལ་སྐྱེ་བའི་བློ་རྩེ་གཏོད་ན་ནི། དམིགས་པ་ཕྲ་རགས་བསྒོམ་ཚུལ་བོགས་འདོན་གེགས་སེལ་དང་བཅས་པ་ཐམས་ཅད་ལག་ལེན་ལ་འགེལ་བ་ན་ཐེ་ཚོམ་མི་སྐྱེ་བའི་ལེགས་པར་བྱང་བ་ཞིག་དགོས་སོ། །དེ་བས་ན་རྗེ་ཉིད་ཀྱི་གསུང་ རབ་མང་ལ་གོ་བ་འཚོལ་ལུགས་མཐའ་དག་པ་གསུངས་མོད་ཀྱི། ལག་ལེན་ལ་སྦྱོར་ཚུལ་ཕྲ་ཞིབ་འགའ་ཞིག་དང་ཟབ་མོའི་གནད་མང་པོ་ཞིག་ཞལ་ལས་རག་ལས་བྱས་ཏེ་དངོས་སུ་ཡི་གེར་མ་བཀོད་པ་མང་པོ་ཞིག་ཡོད་དེ། ལྟ་ནའང་བདག་གིས་ བརྗེད་པས་འཇིགས་ཏེ། བླ་མ་ལ་གསོལ་བ་བཏབ་ནས་ཡིག་ཆུང་ཐོར་བུ་བྲིས་པ་ལ། མ་རྒྱུད་ནས་འབྱུང་བ་རྣམས་ཀྱི་རྫོགས་རིམ་གང་ལ་རྩལ་དུ་འདོན་པའི་གནད་ལུས་ཀྱི་གསང་གནས་དང། ལྟེ་བར་གཏུམ་མོ་ལ་གནད་དུ་བསྣུན་པས་དགའ་བཞི་ཡས་ བབས་དང་མས་བརྟན་ཇི་ལྟར་བསྐྱེད་པ་ལ་གནད་ཆེ་བའི་ཡི་གེ་འདུས་པའི་རྫོགས་རིམ་ལ་གཙོ་བོར་སྙིང་གར་གནད་དུ་བསྣུན་པ་ལས་སྟོང་པ་བཞི་བསྐྱེད་དེ། དེའི་མཐར་སྒྱུ་མའི་སྐུར་ལྡང་བ་ལ་རྡོ་རྗེའི་བཟླས་པའི་གནད་ཀྱི་ཡིག་ཆུང། སེམས་དབེན་དང་ སྒྱུ་ལུས་ཀྱི་གནད་ཀྱི་ཡིག་ཆུང། རླུང་གི་འདུ་རྟགས་ལགས་ཉེས་དང་འདུས་པ་ལས་ཉམས་མྱོང་སྐྱེ་བའི་རིམ་པ་སོགས་བསྟན་པའི་གནད་ཀྱི་ཡིག་ཆུང། སྒྱུ་ལུས་ཀྱི་གདམས་ངག་གི་ཡན་ལག་བསྲ་བའི་སྐོར་ལ་གཉིད་འོད་གསལ་དང་བསྲེ་བ། རྨི་ [009B] སད་པ་སྤྲུལ་སྐུ་དང་བསྲེ་བ་གསུམ་རླུང་སྟོབས་དང་འདུན་པའི་སྟོབས་ཀྱི་བསྲེ་བ་གང་བྱེད་ཀྱང་མཆོག་ཏུ་གཅེས་ཤིང། གདན་རྫོགས་ཀྱི་ཁྲིད་ཡིག་དང་རིམ་ལྔ་གསལ་སྒྲོན་གཉིས་ཀར་རྨི་ལམ་རླུང་དང་འདུན་པའི་སྟོབས་ཀྱིས་འཛིན་པ་ གཉིས་ཀ་ལ་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་ལུགས་ཁྱད་པར་ཅན་ཞིག་སྣང་མོད་བླ་མས་ཞིབ་ཏུ་བསྟན་པར་བྱ་སྟེ། དེ་ནི་རྨི་ལམ་གྱི་གདམས་ངག་གི་ཡང་སྙིང་པོ་ཡིན་ལ། ཁྱད་པར་དུ་རྨི་ལམ་ལ་བརྟེན་ནས་པར་དོ་སྒྱུ་བ་ཟིན་པའི་ཐབས་བླ་ན་མེད་པ་ཡིན་ ནོ། །ཞེས་དང་གདན་རྫོགས་ཀྱི་ཁྲིད་ཡིག་ལས་བསྲེ་བ་གསུམ་གྱི་རྣམ་གཞག་ལ་ད་དུང་བླ་མས་ཞིབ་ཏུ་བཤད་དགོས་པ་འགའ་ཞིག་ཡོད་དོ་ཞེས་སོགས་ཀྱི་གདམས་ངག་ཟབ་མོ་ཞལ་ཤེས་དགོས་པའི་ཁུངས་བསྟན་པ་ཙམ་མཛད་པ་དེ་བརྗེད་ཐོ་ལྟ་བུར་བྲིས་ པ་ཤིན་ཏུ་གཅེས་པ་བསྲེ་བའི་ཡིག་ཆུང་གཙོ་བོར་མ་རྒྱུད་ནས་གསུངས་པ་འཕོ་བའི་སྐོར་ལ། རྗེ་ཉིད་ཀྱིས་མཛད་པའི་འཕོ་བའི་ཡི་གེ་ན་ཅུང་མི་གསལ་ཞིང། ཞལ་ལས་བྱུང་བའི་དམིགས་པའི་གནད་ཅུང་ཟད་དག་བྲིས་པ་འཕོ་བའི་ཡིག་ཆུང་དེ་ཐམས་ ཅད་སྐབས་སུ་ཉེ་བར་མཁོ་བ་རླུང་གི་གེགས་སེལ་བ་དང། ཐིག་ལེའི་གེགས་སེལ་བ་སྟེ་གེགས་སེལ་གྱི་ཡིག་ཆུང་གཉིས། རྣམ་གསུམ་རིགས་དབྱེའི་ཡིག་ཆུང། །སྔགས་བླ་མེད་ལ་ལམ་རིམ་གང་གི་སྐབས་སུའང་མཆོག་ཏུ་བསྔགས་པ་ཕྱག་རྒྱའི་ལམ་ ཡིན་ལ་རྗེ་ཉིད་ཀྱིས་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་ཆེ་བ་ཡང་ཡང་གསུངས་པ། དེའི་གནད་རྣམས་ཞིབ་པར་བྲིས་པ་ཕྱག་རྒྱ་བཞིའི་ལམ་གསལ་བར་བྱེད་པའི་ཡིག་ཆུང་དེ་དག་གི་སྐབས་སུ་ཅི་རིགས་པར་ཉེ་བར་མཁོ་བའི་ཐོར་བུ་ཅི་རིགས་ཡི་ [010A]༄༅། །གེར་བྲིས་པའི་ཡིག་ཆུང་སྟེ། དེ་ལྟར་བཀོད་པའི་ཡིག་ཆུང་ཐོར་བུ་དག་ལས་བསྟན་པ་ཐོག་མར་བླ་མ་བསྟེན་ཚུལ་དང་དམ་ཚིག་དང་སྡོམ་པ་དག་བར་བྱེད་ཚུལ་ལ་ཉམས་འོག་ཏུ་ཚུད་བའི་ལག་ལེན་བྱེད་པ་གཞིར་བྱས་ ལྟ་བ་སྐྱོད་ཚུལ་གྱི་གནད་ལ་མཁས་པས་བསྐྱེད་རིམ་རྫོགས་རིམ་ལ་ལེགས་པར་འཁྲིད། མན་ངག་འདི་དག་གང་དང་གང་དུ་སྦྱོར་དགོས་པ་དེ་དང་དེར་སྦྱར་ཏེ་བོགས་དོན་ཅིང་གེགས་བསལ་ནས་འཁྲིད་པས་ངེས་པར་ལམ་སྣ་ཟིན་པར་འགྱུར་བ་གདོན་ མི་ཟབ་བ་ཡིན་ནོ། །དེ་ཡང་བོད་ལ་གྲགས་པའི་གདམས་ངག་ཇི་ལྟར་ཟབ་པ་དག་ལ་ཡང་ཉམས་ལེན་གྱི་གནད་རྒྱུད་སྡེ་དང་གྲུབ་ཆེན་གྱི་གཞུང་དང་བསྟུན་ནས་ལེགས་པར་དཔྱད་ན་ཕྱིན་ཅི་ལོག་ཏུ་སོང་བ་དང། གནད་འཕྱུགས་པ་རང་མང། ལྷག་པར་ཞུ་བདེ་ ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་གདམས་ངག་ལ་གོ་བ་ཆགས་པ་དང། སྒྱུ་ལུས་དང་འོད་གསལ་ལས་ཟུང་འཇུག་གི་སྐུ་བསྒྲུབ་པའི་གོ་བ་ཕྱོགས་མཐོང་ཙམ་ཆགས་པ་ཡང་ཉུང་བའི་ཚོད་དུ་འདུག་དེའི་གནད་ཀྱིས་སྒྲུབ་པ་སྙིང་པོར་བྱེད་པ་ཇི་ འདྲ་ཞིག་ལ་ཡང་རྒྱུད་སྡེ་དང་མཐུན་པའི་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་བོད་འདིར་ཤིན་ཏུ་ཉུང། རང་རེའི་རྗེ་རིན་པོ་ཆེའི་གདམས་པའི་གནད་ཐམས་ཅད་ལེགས་པར་ཤེས་ཤིང། ལམ་སྤྱིའི་གོ་བ་ལེགས་པར་ཆགས་པ་ཞིག་གིས་ཚེ་ འདི་ལ་བལྟོས་པ་མེད་པར་ཁ་བཤད་དང་རྣམ་གཡེང་གིས་ཡིད་མ་ཕྲོགས་པར་བྱས་ཏེ། སྔོན་གྱི་བླ་མ་མིང་ལ་དང་རྒོད་ཚང་པ་ལ་སོགས་པའི་མང་པོ་ཞིག་གི་ཕྱེད་ཙམ་གྱི་སྒྲུབ་པ་སྙིང་པོར་བྱས་ན་རྒྱུད་སྡེ་དང་མཐུན་པའི་ལམ་རྒྱུད་ལ་སྐྱེས་པ་ [010B]པ་ཡིན། དེ་ལྟར་མན་ངག་གི་ཡིག་ཆུང་ཉི་ཤུ་འཇུག་པའི་ལམ་ལ་བསྟན་པའི་དཀར་ཆག་ཡིག་ཆུང་ཉེར་གཅིག་པོ་འདི་ནི་བདག་ཉིད་ཉམས་ལེན་ལ་སྒྲུབ་པ་སྙིང་པོར་བྱེད་འདོད་པའི་ཡིད་ཀྱི་རེ་བ་ཕྱི་ནང་གི་བར་ དུ་གཅོད་པས་མ་བཅད་ན། ཉེ་བར་མཁོ་བའི་གཙོ་བོ་དག་བརྗེད་པས་འཇིགས་པ་དང། སྐལ་བ་དང་ལྡན་པ་སྒྲུབ་པ་ལྷུར་ལེན་པར་འདོད་པ་ཙམ་བྱུང་སྲིད་ནའང་འཁྲིད་ཚུལ་ཞིབ་ཏུ་ངེས་པས་ཕན་གདེགས་པ་དང། ཁོ་བོ་ཅག་དུས་ཀྱི་ཕོ་ཉས་ཁྲིད་པར་གྱུར་ན་ རྗེ་རིན་པོ་ཆེའི་གསུང་ངག་རྡོ་རྗེ་འཆང་གི་ཞལ་གྱི་བདུད་རྩི་འདི་དག་གངས་རིའི་ཁྲོད་དུ་ལྷག་མ་མེད་བར་འགྱུར་དུ་དོགས་པས་འཇིགས་ཤིང་མན་ངག་གི་གནད་དང་གོ་བ་འཚོལ་ལུགས་ཀྱི་ཆེས་གནད་ཟབ་པ་ཞལ་ལས་ཤེས་པར་བྱ་བ་མང་དུ་ཡོད་པ་དག་ཁོ་ བོས་དུས་ཕྱིས་རྗེ་ཉིད་ཀྱི་ཞབས་དྲུང་དུ་སླར་ཡང་སྙིང་ནས་གསོལ་བ་བཏབ་ཅིང་གསེར་གྱི་མཎྜལ་ཚོགས་ཀྱི་འཁོར་ལོ་ལ་སོགས་ལ་འབད་ཅིང་ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ནས་ཟླ་བ་བཅུའི་རིང་ལ། ཉིན་མོ་རྒྱུད་སྡེ་དང་གཞུང་ཆེན་པོ་ རྣམས་ཀྱི་བཤད་པ་དང་མཚན་རེ་ཞིང་བསྐྱེད་རྫོགས་ཀྱི་མན་ངག་གི་གནད་རྒྱུན་མ་ཆད་པར་སྩལ་པ་དག་ཡིད་ལ་གཅགས་པར་བགྱིས་ཤིང། ཁྱད་པར་ཞལ་ལས་ཤེས་པར་བྱ་བའི་གནད་ཞིབ་ཅིང་མང་བར་གསུངས་པ་དག་ཟུར་ཕྲ་མོ་ཙམ་ཡང་ མ་ཉམས་པར་དུས་དེ་ཉིད་ནས་ལོ་དྲུག་གི་བར་ཡང་ཡང་ཡིད་ལ་ཤར་བ་དང་སེམས་པས་མ་བརྗེད་པར་བྱས་ནས། ལོ་བདུན་པ་ལ་བབ་པ་ན་རྗེ་ཉིད་ལ་གསོལ་བ་མང་དུ་བཏབ་ཅིང་མཁའ་འགྲོ་ཆོས་སྐྱོང་ལ་མཆོད་གཏོར་ཕུལ་ནས་གསོལ་བ་ [011A]༄༅། །བཏབ་སྟེ་དཔལ་རི་བོ་མདངས་ཅན་གྱི་དགོན་པར་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་ཡི་གེར་བྲིས་པ་ཡིན་ནོ། །ཞལ་ལས་ཤེས་པར་བྱ་བའི་གནད་འདི་དག་རྗེ་ཉིད་ཀྱིས་བཀའ་རྒྱས་དམ་དུ་བཏབ་པས་སྙིང་ནས་སྒྲུབ་པ་ སྙིང་པོར་བྱེད་པའི་སྐལ་ལྡན་གསང་བདེ་གཉིས་ཀྱི་བསྐྱེད་རྫོགས་ཀྱི་གཞུང་ཁྲིད་རྗེ་ཉིད་ཀྱི་ཁྲིད་ཡིག་སྟེང་ནས་ལེགས་པར་ཐོབ་པ། བཤད་པ་ཙམ་ལ་སྙིང་པོར་འཛིན་པ་མིན་པ་ནན་གྱིས་དོན་དུ་གཉེར་ཞིང་གུས་པས་གསོལ་བ་འདེབས་པ་དག་མིན་པ་ལ་ བསྟན་པར་མི་བྱའོ། །དེའི་ཕྱིར་ལྷཌ་པའི་ཆོས་སྲུང་དག་གིས་ཆོས་འདིའི་བྱ་ར་མ་གཡེལ་བར་མཛོད་ཅིག་ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལ་འཇུག་པའི་ལམ་བསྟན་པ་ཞེས་བྱ་བ་དཀར་ཆག་ཐོའི་ཡིག་ཆུང། ས་མ་ཡ་མུ་ཁ། འདིས་ཀྱང་བསྟན་ པ་རིན་པོ་ཆེ་རྒྱས་པར་བྱེད་ནུས་པར་གྱུར་ཅིག་ ༈ །།རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །དྲི་མེད་མཁའ་འགྲོ་བྱེ་བའི་གསང་བའི་མཛོད། །རྩ་བཤད་ཤིན་ཏུ་སྦྱོར་བའི་རྣལ་འབྱོར་མཆོག་ གྲུབ་ཆེན་ཙོང་ཁ་པ་ཡི་མན་ངག་བརྗོད། །དེའང་དམ་ཚིག་དང་སྡོམ་པ་ལས་མི་འདའ་བའི་ཐབས་བཤད་པར་བྱ་བ་ལ་གཉིས་ལས་དམ་ཚིག་རྡོ་རྗེའི་བཟླས་པའི་གནད་དང། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་སྒོ་ནས་སོ། །དང་པོ་ནི། རང་ཡི་ དམ་དུ་གསལ་པའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧ་ལས་རལ་གྲིའི་ཆང་ཟུངས་ལ་ཧས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། དམ་ཚིག་གི་རྡོ་རྗེ་སྐུ་མདོག་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་ [011B] ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་དྲིལ་བུ་དང་པདྨ་འཛིན་པ་ཡབ་ཡུམ་གཉིས་ཀའང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ་ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རིགས་ལྔ་འཁོར་དང་བཅས་པ་སྤྱན་ དྲངས། མཆོད་པས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་པའི་བུམ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲི་ ཡི་ཧཱུཾ། ཞེས་རང་གི་སྤྱི་བོ་ནས་དབང་བསྐུར་བས། དམ་ཚིག་རྡོ་རྗེའི་ལུས་ཐམས་ཅད་གང། བདེ་བ་ཆེན་པོ་མྱོང། དྲི་མ་ཐམས་ཅད་དག་ཆུ་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས་ཡབ་ལ་མི་བསྐྱོད་པ་དང་ཡུམ་ལ་དོན་གྲུབ་ཀྱིས་ དབུ་བརྒྱན། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧ་ལྗང་གུའི་བདུད་རྩིའི་རྒྱུན་ཕྲ་མོ་འཛག་པ་དེའི་མཐར། ཨོཾ་ཨཱ་པྲ་ཛྙཱ་དཧྲྀ་ཀ་ཧ་ཧཱུཾ་ཞེས་པས་བསྐོར་བར་དམིགས་ལ་བདུད་རྩིའི་རྒྱུན་དེ་སྣ་ཚོགས་རྡོ་རྗེའི་རྭའི་བུ་ག་ནས་རིམ་གྱིས་ བྱུང་ནས་ལུས་ཐམས་ཅད་གང། ཟག་མེད་ཀྱི་བདེ་བ་མྱོང་བས་དམ་ཚིག་ཉམས་པ་ཐམས་ཅད་བ་སྤུའི་བུ་ག་ནས་ནག་ཉིལ་ཉིལ་ཐོན་པར་བསམས་ལ། ངག་ཏུ་གོང་གི་སྔགས་དེ་བཟླ། བཟླས་པ་ཚར་བ་དང། བདག་ནི་མི་ཤེས་རྨོངས་པ་ཡིས།། [012A]༄༅། །ཞེས་སོགས་བྱའོ། །གཉིས་པ་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་བྱ་ཚུལ་ནི། རང་གི་མདུན་དུ་མེ་རྡོག་པོ་དུ་བ་མེད་པ་སྣོད་དུ་བཞག་ལ། ཨོཾ་ཨཱ་བིགྷྣཾ་ཏ་ཀྲྀཏ་ཧཱུཾ། ཞེས་སོགས་རང་གི་སྔགས་ཀྱིས་བསངས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ སྭ་བྷཱ་ཝ་ཨཱཏྨ་ཀོ་ཉཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་མེ་དམར་པོ་གྲུ་གསུམ་པ་རབ་ཏུ་འབར་བར་གྱུར་དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་དེ་ཡོངས་སུ་གྱུར་པ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་ མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་ཧཱུཾ་མཛོད་ཀྱི་ཕྱག་རྒྱ་འཆིང་བས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཞལ་རབ་ཏུ་གདངས་པ་ལྟོ་བ་འཕྱང་བ་ཡན་ལག་རགས་པ་གཡས་བརྐྱང་གིས་བཞུགས་པ། དེའི་སྤྱི་ བོར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཌཱ་ཀ་ས་པ་རི་ཝཱ་ར་ཨྲྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ། ཞེས་སོགས་ཀྱིས་ མཆོད། ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨྲྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ། ཞེས་སོགས་ཀྱིས་མཆོད། དེ་བཞིན་གཤེགས་ པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཨཱ་ཧཱུཾ། ཞེས་དབང་བསྐུར་བས་ལུས་ [012B] ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་བཛྲ་ཌཱ་ཀ་ཞེས་སོགས་ཀྱིས་མཆོད། ཨོཾ་ཨཱ་ཧཱུཾ་གིས་ནང་མཆོད་ཕུལ། དེ་ནས་གསང་གནས་སུ་ཡཾ་ལས་རླུང་གི་ དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་དང། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་བསྒོམ། སྙིང་གར་ཡི་གེ་པཾ་ནག་པོ་དེ་ལས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུས་ལུས་ཀྱི་སྟོད་སྨད་ཐམས་ཅད་ཁྱབ་པར་འཕྲོས་པས། རང་གི་སྡིག་ སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་བསྡུས་ནས་པཾ་ལ་ཐིམ་པ་དང་མཉམ་དུ་གསང་གནས་ཀྱི་རླུང་གཡོས་ལྟེ་བའི་མེ་སྦར་བས། པཾ་དེ་ནག་ན་ར་ར་མགྲིན་པ་ནས་ཡར་བརྒྱུད་དེ། སྣའི་རྩེར་སླེབ་པ་ན་ སྡིག་པ་རྭ་ཆེན་གྱི་གཟུགས་སུ་གྱུར་པ་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་ཐོན་ནས། སྣའི་སྒོར་སྣོད་ཀྱི་ནང་དུ་ཏིལ་ཇི་ཙམ་འདོད་པ་བཟུང་ལ། དེ་རྣམས་དང་དབྱེར་མེད་དུ་གྱུར་པར་བསམ། རླུང་ཕྱིར་བུས་ལག་པ་གཉིས་ཀྱིས་མཐེབ་སྲིན་སྦྱར་བའི་ ཏིལ་མེ་ལ་བསྲེག་ཅིང། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་དེ་ཧ་ན་བྷ་སྨི་ཀུ་རུ་ཧཱུཾ་ཕཊ་ཕཊ་སཱ་ཧཱ་ཞེས་ཏིལ་མེར་དོར་བའི་གྲངས་དང་མཉམ་པར་བརྗོད། དེ་ནས་སྔར་བཞིན་མཆོད་ནས། ཡིག་བརྒྱ་འདོན། མ་རྙེད་ཡོངས་སུ་ མ་ཤེས་བརྗོད། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། མེ་མ་འདས་ཀྱི་བར་དུ་མི་རེག་ཅིང། ཤི་བ་དང་ཐལ་བ་འགོམ་ལམ་མི་འཆོར་བའི་ས་ཕྱོགས་སམ་ཆུར་དོར་བར་བྱའོ། །རྗེ་རིན་པོ་ [013A]༄༅། །ཆེ་ཤར་ཙོང་ཁ་པའི་ཞལ་གདམས་ཐུན་མོང་མིན་པའི་ཟབ་ཆོས་བླ་ན་མེད་པ་རྗེ་ཉིད་ཀྱིས་གསུངས་པ་བཞིན་ཡི་གེར་བཀོད་པའོ། །མཁས་གྲུབ་རྗེའི་ཟིན་བྲིས།། ༈ །།བཞི་པ་ལྟ་བའི་ ཡིག་ཆུང་ལ་གསུམ། ཞི་གནས་དང། ལྷག་མཐོང་དང། ཞི་ལྷག་ཟུང་འབྲེལ་ལོ། །དང་པོ་ལ། ཞི་གནས་ཀྱི་སྐབས་སུ་བྱིང་རྒོད་བཙན་ཐབས་སུ་གཅོད་པའི་མན་ངག་ནི། ཚུལ་གནས་གྲུ་རྫིངས་རིག་པའི་སྐྱ་བ་འཛིན། །དེད་དཔོན་བཤེས་ གཉེན་མཆོག་གི་ཞབས་བཏུད་ནས། །ཉིད་ཀྱི་ཐུགས་བཅུད་ཞལ་གྱི་གདམས་པ་མཆོག་ལེགས་པར་བཀོད་ལ་སྲུང་མས་གྲོགས་མཛོད་ཅིག་དེ་ལ་ཞི་གནས་ཀྱི་མཚན་ཉིད་དང། རྒྱུ་ཚོགས་བསྟེན་པའི་རིམ་པ་ལ་སོགས་པ་རྣམས་མཐའ་ དག་པར་བྱང་ཆུབ་ལམ་གྱི་རིམ་པར་ཤེས་པར་བྱ་ལ། འདིར་ནི་དེ་དག་གི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་བྲི་བར་བྱའོ་།དེ་ཡང་ཞི་ལྷག་གི་སྐབས་སུ་བྱིང་རྒོད་གཅོད་པ་ཤིན་ཏུ་གལ་ཆེ་བས། བྱིང་རྒོད་བཅན་ཐབས་སུ་སེལ་ཚུལ་ནི་ བྱིང་རྒོད་ཤེས་ཆུང་ཞིང་ལན་རེ་ཙམ་ལས་མི་འབྱུང་ན། སྐབས་གཞན་ནས་འབྱུང་བ་ལྟར་དྲན་ཤེས་བསྟེན་ཚུལ་ལ་མཁས་པས་སེལ་ལ། བྱིན་རྒོད་ཤིན་ཏུ་ཤས་ཆེ་ཞིང་ཡང་ཡང་འབྱུང་བ་ལ་ནི་འདི་ལྟར་བྱིང་བ་དང་རྨུགས་པ་ཡང་ཡང་བྱུང་ན་ རང་གི་སེམས་དང་ནམ་མཁའ་སྟོང་གསལ་གཉིས་དབྱེར་མེད་དུ་བསྲེས་ནས་སེམས་གཟུང་བ་དང། སེམས་གསལ་ལ་དྭངས་ཤིང་དམིགས་པ་ལ་འདོད་པ་བཞིན་དུ་གནས་པ་གཉིས་འོང་བ་ཡིན་ནོ། །རྒོད་པ་ནི་རླུང་སྦྱོར་བྱས་ཏེ་ནང་དུ་བཟུང་བས་ [013B] རིག་པ་དྭངས་སྙིགས་ཕྱེད་པ་འོང་བ་ཡིན་ནོ། །བྱིང་རྒོད་བཙན་ཐབས་སུ་གཅོད་པའི་ཞལ་ཤེས་སོ་།གང་ལ་འཇོག་པའི་དམིགས་པ་དང། ཇི་ལྟར་འཇོག་པའི་ཚུལ་དང་དམིགས་པ་བསྒོམས་པས་མྱོང་བ་སྐྱེ་ཚུལ་དང་ བྱིང་རྒོད་ཕྲ་རགས་ཀྱི་དབྱེ་བ་དང། ཁྱད་པར་རྣམས་ཤས་པར་བྱ་དགོས་སོ། །གཉིས་པ་ལྷག་མཐོང་ལ་གནད་བཞི་དང། ཚད་མ་བཞི་ལྡན་དུ་སྐྱོང་ཚུལ་ནི། ཐོག་མར་དགག་བྱ་དེའི་ཚད་འཆར་ཚུལ་ནི། ཐོག་མར་བློ་ལྷན་སྐྱེས་ལ་ང་ཙམ་ དེ་ཇི་ལྟར་འཆར་བ་བལྟ། དེ་ངེས་ནས་ང་ཙམ་དེ་ངའོ་སྙམ་པའི་བློ་ལ་ཇི་ལྟར་སྣང་བ་བལྟ། སྣང་ཚུལ་ངེས་ནས་ངའོ་སྙམ་པའི་བློ་འདིས་ང་དེ་ཇི་ལྟར་བཟུང་བ་བྱེད་པ་དེ་ལ་ཡང་སྔོན་ལ་སྣང་བའི་འཆར་ཚུལ་དང། དེ་ནས་ཞེན་པའི་འཆར་ཚུལ་གཉིས་ ལ་རིམ་པ་བཞིན་ཐ་དད་དུ་གཉེན་པོ་བསྟེན་དགོས་སོ། །ལྟ་ཚུལ་ཡང་ངའོ་སྙམ་པའི་བློ་མ་ཤོར་བར་བྱས་ནས། བློ་གཞན་ཞིག་གིས་ཟུར་ནས་བལྟ་དགོས་པ་ཡིན་ཏེ། དེ་ལྟར་བལྟས་པ་ན་ཐོག་མར་ཕུང་པོ་འཆར་བ་དང་མི་འཆར་བ་གཉིས་དང་ འཆར་བ་ལ་ཡང་ང་དེ་ཕུང་པོའི་དཀྱིལ་ན་གནས་པ་འཆར་བ་དང། ཕུང་པོ་ལས་གཞན་ལས་འཆར་བ་དང། མི་འཆར་བ་ལ་ཡང་ཅི་མེད་ཀྱི་སྟོང་སང་དེ་བ་ལྟ་བུ་དང། ཁ་དོག་དང་གཟུགས་ཀྱི་རྣམ་པ་ལྟ་བུ་འཆར་བ་ནི་འཆར་ཚུལ་རྣམ་དག་མིན་ནོ། །དེས་ ན་བློ་ལྷན་སྐྱེས་འདི་ལ་ང་དེ་ཡུལ་གང་ལ་ཡང་བལྟོས་པ་མེད་པ་འདྲ་བའི་རང་ངོས་ནས་ལྷང་ངེ་བ་ཅིག་འཆར་ལ། དེ་ཉིད་ཐ་སྙད་ཧྲང་ངེ་བ་དང། ཕོབ་ཕོབ་པ་དང། ནུས་ལྷང་ངེ་བ་དང། ལམ་མེ་དང། གང་ལ་སྦྱར་ཡང་འཆར་བ་འདྲ་བ་ཞིག་འོང་ [014A]༄༅། །ངོ། །སྣང་བ་དེ་ཡང་ཡུན་ཐུང་བས་བྲང་ཙམ་རེ་མི་འཆར་རོ། །དེ་ཡང་བློ་དེ་དང་མཉམ་དུ་སྔོན་ནས་གྲུབ་གྲུབ་པ་ཅིག་དྲན་པ་ལྟར་དུ་འཆར་རོ། །འཆར་ཚུལ་དེ་ལ་ཡང་ཕུང་པོ་དང་གཅིག་དང་ཐ་དད་གཉིས་ཀའི་འཆར་ཚུལ་འབྱུང་ངོ།། དེ་ཡང་ང་ན་ཞེས་པ་དང། ངའི་ལག་པ་ན་ཞེས་པ་ལྟ་བུའོ་།ལྷན་སྐྱེས་ཀྱི་སྣང་བ་དེ་མ་དོར་བར་ང་བྱ་བ་བྱེད་དོ། །ཞེས་པ་ལྟ་བུའི་ངར་ཞེན་པ་ཡིན་ནོ། །ངའོ་སྙམ་པའི་བློ་ནི། ང་འགྲོ་ང་སྡོད་སྙམ་པ་རྣམས་སོ། །དེ་ལྟར་འཆར་ཚུལ་ངེས་ནས་དེ་ལྟར་གྲུབ་ན་ ཕུང་པོ་དང་གཅིག་དང་ཐ་དད་དང་གང་རུང་ལས་མི་འདའི་བའི་ཚུལ་དང། གཅིག་དང་ཐ་དད་གཉིས་ཀ་ལ་གནོད་པ་འོང་བའི་ཚུལ་བསམ་པ་སྟེ། ང་སྣང་བ་དེ་ལྟར་གྲུབ་པ་མི་འདུག་པར་ལྷང་གིས་ངེས་པ་ན། ངེས་ཤེས་ལྷང་ལྷང་བ་བར་མ་ཆད་དུ་སྐྱོང་བ་ ནི་སྐྱོང་ཚུལ་གྱི་གནད་དམ་པའོ། །དེའི་ཚེ་ཡང་དགག་བྱ་གསར་དུ་གསལ་བཏབ་ནས་དེ་ལྟར་དུ་མེད་མོད་སྙམ་དུ་བྱེད་པ་མིན་ཏེ་དང་པོར་དགག་བྱ་གསལ་བཏབ་ནས། དེ་ལྟར་མེད་པར་ངེས་པ་ལྷང་གིས་སྐྱེས་པའི་མེད་དགག་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་ པའོ། །དེ་ལ་གནད་བཞིར་བྱས་ནས། དང་པོ་དགག་བྱ་ངེས་པ་གཉིས་པ་ཁྱབ་པ་ངེས་པ། གསུམ་པ་ཆོས་ངེས་པ། བཞི་པ་བསྒྲུབ་བྱ་ངེས་པ་དང་བཞི་ཡིན་ལ། ཚད་མ་བཞིར་བྱས་ན། དགག་བྱའི་འཆར་ཚུལ་ངེས་པའི་ཚད་མ། གཅིག་དང་ཐ་ དད་གང་རུང་ངེས་པའི་ཆོད་མ། གཅིག་ཏུ་མ་གྲུབ་པར་ངེས་པའི་ཚད་མ། ཐ་དད་དུ་མ་གྲུབ་པར་ངེས་པའི་ཚད་མ་དང་བཞིའོ་།དེ་ལ་བོགས་འདོན་པ་ནི། མཉམ་རྗེས་ཀྱི་སྐྱོང་ཚུལ་གཉིས་ལ་མཁས་པས་འདོན་པ་ཡིན། གེགས་སེལ་ལ་གནད་ [014B] བདག་ཆད་ཀྱིས་དོགས་པའི་འཇིགས་པ་ནི། རྗེས་ཐོབ་ཀྱི་སྣང་བ་སྐྱོན་མེད་འདི་གས་སེལ་ནུས་སོ། །སྟོང་ཉིད་རྒྱང་ཆད་དུ་བསྒོམས་ན་བདེན་གྲུབ་ཀྱི་རྟག་ལྟ་བསྒོམས་པར་འགྱུར་བས་བློ་དང་བསྲེས་ནས་དབྱེར་མེད་ དུ་བསྒོམ་མོ། །ང་ཡི་བའི་འཆར་ཚུལ་ནི། ང་ཡིའོ་སྙམ་དུ་བློ་སྤྱི་འདིའི་འཆར་ཚུལ་ང་ཡིའོ་སྙམ་དུ་བསམས་ན། བློ་དེ་དང་མཉམ་དུ་ལིང་ཆད་དུ་ཆར་ཆར་བ་འདྲ་བ་ཞིག་འཆར་ལ། དེ་ཉིད་སྣང་བ་ལྟར་དུ་གྲུབ་ན་མིག་རྣ་སོགས་དང་གཅིག་དང་ཐ་དད་གང་རུང་ དུ་གྲུབ་པར་ངེས་ལ། གཅིག་ཏུ་གྲུབ་ན་ཐ་དད་གཏན་མེད་དུ་འགྱུར་བས། མིག་གིས་ཀྱང་སྒྲ་ཐོས་པར་འགྱུར་བ་དང། རྣ་བས་ཀྱང་གཟུགས་མཐོང་བ་སོགས་སུ་འགྱུར་རོ། །ཐ་དད་དུ་གྲུབ་ན་ངའི་སྙམ་པའི་བློ་དེ་ཉིད་ཀྱིས་ཡུལ་ལ་ལོངས་སྤྱོད་པ་དང། ང་ཡི་ བ་རྣམས་ཀྱི་བདེ་བ་བསྒྲུབ་བྱ་མིན་པར་འགྱུར་བས་དེ་ལྟར་ངེས་པ་དྲངས་ནས་སྐྱེད་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། །དེ་ནས་ཤེས་པའི་འཆར་ཚུལ་ལ་བལྟས་ཏེ། དེ་ལ་ཡུལ་རང་དབང་དུ་སྤྱོད་པ་འདྲ་བའི་ཚུགས་ཐུབ་ཏུ་འཆར་རོ། །དེའི་ངེས་པ་འདྲེན་ཚུལ་ དང། སྐྱོང་ཚུལ། མཉམ་རྗེས་སོགས་ཐམས་ཅད་སྔར་དང་འདྲའོ་།དེ་ནས་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོའི་སྟེང་དུ་གཏན་ལ་ཕབ་སྟེ་བསྒོམ་མོ། །དེ་ནས་གང་ཟག་གཞན་དང། རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྟེང་དུ་བསྒོམ་མོ། ། དེའི་འཆར་ཚུལ་ནི། ཀ་བ་ལྟ་བུ་དེ་སྔར་ནས་གྲུབ་གྲུབ་པ་འདྲ་བ་བརྟན་ཚུགས་པའི་རྣམ་པར་འཆར་རོ། །ཐ་སྙད་དུ་ཡོད་པར་བཤད་པ་ནི་མིང་ཙམ་ཞིག་ཡོད་པ་ཡིན་ལ། རིགས་པས་མེད་པར་བསྒྲུབ་པ་ནི། བློ་མ་རིག་པས་ཡུལ་རྣམས་རང་ [015A]༄༅། །དབང་དུ་བཟུང་བ་ལྟར་དུ་མེད་པར་བསྒྲུབ་པ་ཡིན་ནོ་།ཙོང་ཁ་པ་ཡི་རིང་ལུགས་གསལ་མཛད་ཆོས་ཀྱི་རྗེ། །མཁས་གྲུབ་ལེགས་བཤད་འོད་དཀར་རྒྱས་པ་དེས། །གང་གི་བློ་མུན་བསལ་བའི་མཐུས་བྱུང་བ། །ཞལ་ཤེས་གནད་ཀྱི་ཐིམས་ ཡིག་བྲིས་པ་འདིས། །འགྲོ་བའི་སྙིང་གི་མུན་པ་སེལ་གྱུར་ཅིག་འདི་གཉིས་གཅུང་ཆོས་རྒྱལ་བའི་ཟིན་བྲིས། གསུམ་པ་ཞི་ལྷག་ཟུང་འབྲེལ་གྱི་སྐབས་འདིར། དབུ་མའི་ལྟ་བ་བསྒོམ་ཚུལ་ལ་ལྔ་སྟེ་ཐེག་པ་གཞན་གྱི་ཡུལ་ཅན་ཁྱད་པར་ཅན་གྱི་དེ་ཁོ་ ན་ཉིད་བསྒོམ་ཚུལ། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་བསྒོམ་ཚུལ། ཞི་གནས་དངོས་ལ་བརྟེན་ནས་ལྷག་མཐོང་དངོས་བསྒོམ་ཚུལ་ཞི་གནས་རྗེས་མཐུན་པ་ལ་བརྟེན་ནས་ལྷག་མཐོང་རྗེས་མཐུན་པ་བསྒོམ་ཚུལ། ལས་དང་པོ་པས་ལྟ་བ་ལ་ མྱོང་བ་འདོན་པའི་བསྒོམ་ཚུལ་ལོ། །དང་པོ་ནི། ལུཌ་འདིར་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་ཚེ། དཔྱད་བསྒོམ་འཇོག་པའི་ཞར་ལ་ངེས་པའི་ལྟ་བ་འཛིན་སྟངས་ལ་མ་འཇོག་ཅིག་གཉིས་པའི་ཚེ་དཔྱད་དོན་ངེས་པའི་ཚེ་ཡུལ་ཡུལ་ཅན་ གཉིས་རོ་གཅིག་ཏུ་ངེས་ཀྱང། ཆོས་ཉིད་ཀྱི་སྣང་ཆ་ཡུལ་དུ་མ་བྱེད་ཅིག་གསུམ་པའི་ཚེ། དཔྱད་དོན་ངེས་པ་དང་ལྷན་ཅིག་ཏུ་ཤིན་སྦྱངས་གཉིས་ཐོབ་པས་གནས་པ་འདྲེན་ཅིང། གནས་པའི་ངང་ནས་སོ་སོར་དཔྱོད་ནུས་པས་མཉམ་གཞག་ན་ གནས་པ་དང། ཇི་ལྟ་བའི་དོན་སོ་སོར་འབྱེད་པའི་ཤེས་རབ་གཉིས་ཟུང་འབྲེལ་དུ་ཡོད་པ་ཆ་སོ་སོར་ཕྱེད་པར་མཛོད་ཅིག་བཞི་པའི་ཚེ། དཔྱད་དོན་ངེས་པ་ན་གནས་ཆ་འདྲེན་པ་ཞི་གནས་སུ་གྲུབ་པའི་མཐུ་ཡིན་ཀྱང། དེ་གཙོ་བོར་མི་འཛིན་པར་ [015B]དཔྱད་མཐར་འཇོག་པ་གཉིས་མཉམ་པོར་བསྒྲུབ་པ་མཛད་ཅིག་ལྔ་པའི་ཚེ། མྱོང་བ་ཐོན་པའི་རིག་ཤེས་ཀྱི་ངེས་ངོར་ཡོངས་གཅོད་ཀྱི་ངེས་པ་དགག་པར་གྱིས་ཤིག་ འདི་མཁས་གྲུབ་ རྗེའི་ཟིན་བྲིས་ ། ལྔ་པ་བསྐྱད་རིམ་གྱི་ཁྲིད་ཡིག་ནི། རྡོ་རྗེ་འཆང་དབང་གང་དེའི་བརྩེ་བ་ཡིས། །རོལ་བའི་བཤེས་གཉེན་ཚུལ་བཟུང་ཐེག་མཆོག་མགོན། །རྗེ་བཙུན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །བརྟེ་བའི་ཐུགས་ཀྱིས་རྟག་ པར་གཟིགས་སུ་གསོལ། །དེ་ལ་འདིར་ལམ་རིམ་པ་གཉིས་ཚུལ་བཞིན་དུ་ཉམས་སུ་ལན་པའི་གང་ཟག་གིས་དམིགས་པ་ཡིད་ལ་བྱེད་པའི་གནད་མན་ངག་ཏུ་བཤད་པར་བྱའོ། །དེ་ལ་ཐོག་མར་སྔོན་འགྲོ་གཏོར་མའི་གནད་ནི། རང་ཞེ་སྡང་རྡོ་རྗེར་ བསྐྱེད་ནས་མདུན་དུ་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་གི་ནང་དུ་ཤ་ལྔ་བདུད་རྩི་ལྟར་བྱིན་གྱིས་བརླབས་ཏེ་ཟག་པ་མེད་པའི་ཡེ་ཤས་ཀྱི་བདུད་རྩིར་བསམས་ནས། ཕྱོགས་སྐྱོང་འཁོར་དང་བཅས་པ་རང་གི་ཕྱོགས་མཚམས་སུ་བཀུག་སྟེ། རང་ གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། རང་གི་མདུན་གྱི་བདུད་རྩེ་དེ་ནས་ཐོད་པས་བཅུས་ཏེ་སོ་སོར་མདུན་དུ་མཆོད་པས་ལྔགས་འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་པར་བསམ་མོ། །དཀྱིལ་འཁོར་ པའི་ལྷ་ལ་འབུལ་བའང་དམིགས་པ་འདྲ་བ་ལ། ཁྱད་པར་རང་གི་མདུན་དུ་ལྷ་ཚོགས་གསལ་འདེབས་པ་ཡིན་ནོ།། ༈ ནི། གཅོད་པའི་འཁོར་ལོ་རྩིབས་ཐམས་ཅད་སྤུ་གྲིའི་སོ་ལྟར་རྣོ་བ། ཉི་གདན་ལ་ཅུང་ [016A]༄༅། །ཟད་མ་རེག་པར་མགྱོགས་པར་འཁོར་བ། དེའི་དབུས་སུ་གཞལ་ཡས་ཁང་བསྒོམས་ན་ཤིན་ཏུ་ལེགས་ཤིང། གཏོར་མགྲོན་བསྐྱེད་པའི་སྐབས་ཀྱི་རིག་པ་སྦྱར་ན་ཡང་ཐོབ་པ་ཡིན་ནོ། །དེ་ཡང་སྲུང་འཁོར་གྲུབ་ ཙམ་ནས་འབྲུབ་ཁུང་དང་ཕུར་བུ་སོགས་ཀྱང་གསལ་བཏབ། གནས་གསུམ་གྱི་ཡི་གེ་གསུམ་ལས་རྡོ་རྗེ་དཀར་དམར་མཐིང་གསུམ་བྱུང་བས་ལུས་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། །སྒོ་གསུམ་བྱིན་རླབས་དང་སེམས་དཔའ་གསུམ་བརྩེགས་ཀྱི་ ཆེ་སྔ་ཕྱིར་ཐུགས་ཀར་ཧཱུཾ་ཡིག་གཉིས་བྱུང་ཡང། ཐ་དད་དུ་མོས་པ་མ་གཏོགས་ཧཱུཾ་ཡིག་གཅིག་གིས་ཆོག་པ་ཡིན་ནོ། ། ༈ བདེ་བས་སྟོང་པ་བསྒོམས་པའི་གནད་ནི། བསྐྱེད་རིམ་གྱི་སྐབས་སུ་གཙོ་བོར་ཡིད་བདེ་ཡིན་ པས་དེས་སྟོང་པ་སྔར་ངེས་ཟིན་དེ་ལ་རྩེ་གཅིག་ཏུ་འཇོག་པའོ་།དེ་ལ་གཉིས་སྣང་གི་བར་དུ་ཆོད་ན་སྡུད་རིམ་གྱི་དམིགས་པ་བྱས་ནས་སྔར་ལྟར་འཇོག་པ་ཡིན་ནོ། །དེ་ལ་ང་རྒྱལ་འཇོག་པའི་གནད་ནི། ཐ་མལ་གྱི་ཕུང་པོ་དང་ང་གཉིས་ངའི་ སྙམ་པའི་བློས་མིང་དོན་གཅིག་ཏུ་བཟུང་ནས་ཞེན་པས་འཁོར་བར་འཁོར་བ་ལྟར། ཡུལ་སྟོང་པ་ཉིད་ལ་གདགས་གཞིར་བྱས་ནས་བཏགས་ཆོས་སུ་མིང་དོན་གཅིག་ཏུ་བཟུང་བས་བདེན་འཛིན་སྤངས་ནས་ཆོས་སྐུའི་རྒྱུར་འགྱུར་བ་ཡིན་ནོ། ། ༈ གཟུང་རྒྱུ་ནི་ཡུལ་སྟོང་པ་ཉིད་དང། གཟུང་གཞི་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་བོ། །རྣམ་པ་ལྷར་འཆར་ཚུལ་ནི། ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཉིད་ཡིན་པ་ལ། རྣམ་པ་ལྷ་ [016B]། ༈ ལུས་ལ་བསྡུས་ནས་དེ་ལྟར་ཐིམ་པར་བསྒོམ་པ་ནི། དེ་གནས་དེ་ཉིད་དུ་ཕར་ལུས་ཀྱི་ནང་དུ་ཐིམ་པར་བསྒོམ་པ་དང། འཆི་བའི་ཚེ་ལྟ་བུ་ནི་ཆོས་སྐུར་ཐིམ་པར་བསམ་པའོ། །དང་ པོའི་མགོན་པོ་རང་ཉིད་མི་བསྐྱོད་པ་ལ་འཇུག་པ་ནི་གོ་ས་མ་འཕོས་པར་དབུས་ཀྱི་གདན་ལ་གནས་པའི་ངང་ནས་འཇུག་པ་ཡིན་ལ་དེ་ནས་སྐུ་དེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་པ་ནི། ལུས་ཀྱི་ཆ་ཤས་དེ་དང་དེར་གྱུར་པ་ལས་བསྐྱེད་པར་མོས་པ་མ་ གཏོགས། རྣམ་པ་བསྡུས་ནས་དེར་གྱུར་པར་བསམ་པ་མིན་ནོ། །ལུས་ཀྱི་གནས་རྣམས་སུ་ལྷ་བསྒོམ་པ་ཡང་གོས་གཅིག་ཏུ་ལྷ་མང་པོ་བསྒོམ་པ་འཆར་དཀའ་ན། གསང་འདུས་འཇམ་རྡོར་ནས་གསུངས་པ་ལྟར་གནས་ཐ་དད་དུ་བསྒོམས་ཀྱང་རུང་ངོ། །རིགས་ བདག་ཡབ་ཡུམ་ལས་བདུད་རྩིའི་རྒྱུན་བབས་པས། སེམས་དཔའ་གསུམ་ཚིམ་ཞིང་ཡིད་བདེ་དཔག་ཏུ་མེད་པ་སྐྱེས་པར་ཡང་ཡང་བསམ་པ་གནད་ཆེའོ།། ༈ ཐེག་མར་སྙིང་གནས་སྨེ་ཤ་ཅན་ལ་སོགས་པ་རང་རིགས་ ཀྱི་མི་མོའི་རྣམ་པ་ཅན་ཡིད་ལ་གཅགས་པའི་བུ་མོའི་རྣམ་པ་ཅན་ཞིག་ཕྱུང་སྟེ། དེ་ཉིད་བསངས་སྦྱངས་ནས་རེག་བྱ་རྡོ་རྗེ་མར་བསྐྱེད་པའོ།། ༈ དབུ་ཅན་གྱི་ཕཊ་ཡིག་ཁ་དོག་སེར་པོ་ལྟ་བུའི་མགོ་ནང་དུ་བལྟ་བ་འོད་ཀྱི་ རྣམ་པར་བསྒོམ་མོ། །དེ་ནས་ཕཊ་ངག་ཏུ་བརྗོད་པ་དང་མཉམ་དུ་སྤྱི་བོ་ནས་བྱང་སེམས་བབ་པ་དང། ཕྱིར་འཕོ་བ་དགག་པ་དང། དམིགས་པ་ཡུམ་གྱི་པདྨར་འབེབས་པ་དང་བྱ་བ་གསུམ་བྱེད་དོ། །དང་པོ་སྦྱོར་བ་ལས་མི་བྱེད་ན་ཡུམ་གྱི་པདྨའམ་ [017A]༄༅། །རྡོ་རྗེའི་རྩེ་གང་རུང་དུ་ཐིག་ལེ་ཕབ་པ་ལས་ལྷ་སྤྲོས་ནས་མཛད་པ་མཛད་པ་སྦྱར་དགོས་སོ། །རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསྒོམ་པ་ནི། རྭ་དབུས་མའི་ཨོཾ་ཡིག་དེ་ལས་འོད་ཟེར་ལྔ་བྱུང་སྟེ། ལུས་ཀྱི་རྩ་ཐམས་ ཅད་དང་པདྨའི་ནང་གང་བར་བསྒོམ་པ་ཡིན་ནོ། །ཨོཾ་ཡིག་ནི་རྭ་དབུས་མའི་སྦོམ་གྱི་ཆའི་དབུས་སུ་འགོད་ལ། ཕཊ་ཡིག་ནི་རྭ་དབུས་མའི་རྩེར་འགོད་པ་ཡིན་ནོ།། ༈ ནི། བདེ་སྟོང་དབྱེར་མེད་ལ་སྔར་ལྟར་ང་རྒྱལ་ བཞག་ནས་དེ་ཉིད་ལ་རང་ཉིད་རྡོ་རྗེ་འཆང་དངོས་ཡིན་པ་དང། དཀྱིལ་འཁོར་ཐམས་ཅད་དེའི་རྣམ་འཕྲུལ་དུ་བལྟས་ཏེ་ཐ་མི་དད་དུ་བཟུང་ངོ།། ༈ རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ལམ་གྱིས་གསལ་ བཏབ་ནས་ཤེས་པ་སྤྱི་དེ་ལ་བཟུང་སྟེ་ཆ་ཤས་ཕྲ་མོ་གཅིག་གིས་རེ་རེ་ནས་གསལ་སྣང་འདོན་པ་ཡིན་ནོ། ། ༈ ནི། རང་གི་རྡོ་རྗེའི་ཁའི་ཕཊ་ཡིག་དེ་ཉི་གདན་དུ་གྱུར་ཏེ་དེའི་སྟེང་དུ་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་ཞིག་བྱུང་སྟེ་ཕབ་ ནས་བསྒོམ་པ་དང། མཐར་ཐིག་ལེ་ཡར་དྲངས་ཉི་གདན་ཕཊ་དུ་བསྒྱུར་རེ། །དེའི་སྟེང་གི་སྣ་རྩེར་ཡང་ཉི་གདན་ལ་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་དང། དེ་བརྟན་པ་ན་དེ་ལས་གཅིག་དང་དེ་ནས་དེའི་རྩེ་ལས་གཅིག་སྟེ་ཇེ་མང་དུ་བཏང། མཐར་སྙིང་ གར་བསྡུའོ། །དེ་དག་ནི་དམིགས་པ་ཡིད་ལ་བྱེད་པའི་གནད་བསྐྱེད་རིམ་གྱི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་ཡིན་ནོ། །ད་དུང་ལུས་དཀྱིལ་སྒོམ་པ་སོགས་ཞིབ་ཆ་བླ་མའི་ཞལ་ལ་བལྟོས་སོ།།ས་མ་ཡ་ཁ་ཐམ།། །། [017B] ༈ །དྲུག་པ་རྫོགས་རིམ་གྱི་ཁྲིད་ཡིག་ལ་གཉིས། སྤྱི་དང་གསལ་བའི་དབྱེ་བའོ། །དང་པོ་ལ་གསུམ། དམིགས་རིམ། ལག་རྗེས། ཉེར་མཁོ་བསྟན་པའོ། །དང་པོ་ནི། རྫོགས་རིམ་གྱི་གནད་ ཅུང་ཟད་ཅིག་བརྗོད་ན། བདེ་བ་ཆེན་པོའི་ལམ་གྱི་གཞི་ཡིན་ལ་དེ་རྫོགས་རིམ་ནས་བསྒྲུབ་པ་ཡིན་པ་ལ། དེ་བསྒྲུབ་པའི་ཐབས་འདིར་ཕྲ་མོ་ལས་མ་བཤད་ཀྱང། མ་རྒྱུད་ཀྱི་གཏུམ་མོ་ཡང་བསྒོམས་ན་ཁྱད་པར་དུ་འགྱུར་བ་ཡིན་ནོ། ། སྲོག་རྩོལ་གསུམ་གྱི་སྐབས་སུ་སེམས་དཔའ་གསུམ་བརྩེགས་བསྒོམ་དགོས་པས། དེའི་བྱེད་ཚུལ་ནི། རང་ཉིད་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་དུ་སྐད་ཅིག་གིས་ལངས་པའི་སྙིང་གའི་རྩ་མདུད་ཀྱི་དབུས་སུ་དྷཱུ་ཏཱིའི་ནང་གི་མི་ཤིགས་ པའི་ཐིག་ལེའི་དབུས་སུ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་ཕྲ་བ་དང། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ངོ་བོ་རླུང་སེམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་ཞིག་བསྒོམས་ནས་ དེ་ལས་འབྱུང་འཇུག་བྱེད་བའི་རྡོ་རྗེ་བཟླས་པ་དང། དེ་ཉིད་ལ་སེམས་འཛིན་པའི་སྔགས་འཁོར་བསྒོམ་པ་རྣམས་བྱེད་པ་ཡིན་ནོ་།མཐར་ཡང་རིལ་འརྫིན་དང་རྗེས་གཞིག་གི་རིམ་པའི་དམིགས་པའི་སྡུད་རིམ་རེ་དང་སྦྲེལ་ན་ལེགས་སོ། །བསྐྱེད་རིམ་ ནི་རྫོགས་རིམ་གྱི་སྨིན་བྱེད་དུ་བསྒོམ་པ་ཡིན་པས། ལུས་དབེན་ནས་བཟུང་སྟེ་ཟུང་འཇུག་གི་བར་ཐམས་ཅད་དུ་རང་རྡོ་རྗེ་འཆང་དུ་ལངས་པ་ན། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཡོངས་རྫོགས་སུ་ལྡང་དགོས་པ་ཡིན་ནོ།། ༈ [018A]༄༅། །རྒྱ་ལ་བརྟེན་ནས་རླུང་དབུ་མར་འཇུག་པའི་སྲོག་རྩོལ་ནི། ཕྱག་རྒྱའི་མཚན་ཉིད་དང་ལྡན་པ་ལ་སྙོམས་པར་འཇུག་བཞིན་པའི་ཚེ། དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་པས། ཡབ་ཡུམ་གཉིས་ཀྱི་རླུང་དང་བྱང་སེམས་ འདུས་པ་རྣམས་ཀྱི་དྷཱུ་ཏཱིའི་མས་སྣ་ཕྱེ་ནས་བཙན་ཐབས་སུ་དབུ་མའི་ནང་དུ་འཇུག་པ་ཡིན་ནོ། །དེ་ཉིད་སྙིང་གར་དམིགས་པ་གཏད་དེ་སྡུད་རིམ་དང་སྦྲགས་ན་འོད་གསལ་སྐྱེ་བའི་ཐབས་ཀྱང་མཆོག་ཏུ་འགྱུར་བ་ཡིན་ནོ། །གཉིད་ཀྱི་སྐབས་སུ་དེ་ལྟར་བྱས་ན་ ཡང་འོད་གསལ་བཙན་ཐབས་སུ་འཛིན་པའི་གདམས་པ་མཆོག་ཡིན་ནོ་།ཁྱབ་བྱེད་ཀྱི་རླུང་འདི་རླུང་གཞན་ལས་བསྡུ་དཀའ་ཞིང། འདི་རྫོགས་པར་མ་ཐིམ་ན་སེམས་དབེན་གྱི་འོད་གསལ་མཚན་ཉིད་པ་མི་འབྱུང་བས། རླུང་ཅུང་ཟད་སྡུད་ནུས་པ་ནས་ འདིའི་སྡུད་རིམ་རེ་ཡང་ངེས་པར་བྱེད་དགོས་སོ། །ལུས་དབེན་རྗེས་མཐུན་པ་ཐོབ་ནས་རིལ་འཛིན་དང་རྗེས་གཞིག་གི་དམིགས་པའི་སྡུད་རིམ་རེ་དང་སྦྲགས་ནས་ཉམས་སུ་བླངས་ན་རླུང་འདུ་བ་སླ་བ་དང་གཉིད་དུ་འགྲོ་བའི་གནད་ཡོད་དོ།། ༈ བཟླས་ཀྱི་གནད་ནི། འཁོར་ལོའི་སྡུད་རིམ་རེ་བྱས་ཏེ་མི་ཤིགས་པ་ལ་སྡུད། མི་ཤིགས་པ་ཡེ་ཤེས་སེམས་དཔའ་ལ་སྡུད། ཡེ་ཤེས་སེམས་དཔའ་ཨ་ཐུང་ལ་བསྡུས་ཏེ་རྩེ་གཅིག་ཏུ་དེ་ཉིད་ལ་སེམས་བཟུང་བཞིན་དུ་ཡི་གེ་གསུམ་གྱི་རྡོར་བཟླས་ བྱེད་པ་ཐུན་མོང་མ་ཡིན་པའི་གནད་དོ། །སྡུད་རིམ་དེ་ལྟ་བུ་དང་ཕྱག་རྒྱ་ལ་བརྟེན་པ་གཉིས་ཚོགས་ཀྱི་སེམས་དབེན་བསྐྱེད་པ་ནི་སེམས་དབེན་གྱི་གདམས་པའོ།། ༈ ཐོབ་ནས་སྒྱུ་མའི་སྐུར་ལྡང་ཆུལ་གྱི་གནད་ [018B] འོད་གསལ་ལས་ལྡང་བ་ན། སྙིང་ཁའི་ཁམས་དཀར་དམར་གྱི་དབུས་ཀྱི་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་འཆང་གི་རྣམ་པ་ཅན་དེ་ཉིད་ལ་སེམས་ཁྲིག་གིས་གཏད་དེ་ཐིག་ལེ་འོག་མ་གདན་དང་སྟེང་མ་གོས་ཀྱི་རྣམ་པར་བྱས་ནས་ ལུས་འདི་ལས་ཕྱི་རོལ་ཏུ་འཕེན་པའི་དབང་གིས་སྐད་ཅིག་ཙམ་གྱིས་གྲུབ་པ་ཡིན་ནོ། །སླར་ཡང་ལུས་ལ་འཇུག་པ་ན་སྔར་གྱི་ཡེ་ཤེས་སེམས་དཔའི་ཚུལ་གྱིས་སྙིང་གར་འཇུག་པ་ཡིན་ནོ། །གནད་ཁྱད་པར་ཅན་གྱི་ཞལ་ཤེས་སོ།། ༈ པ་དང་བར་དེའི་བསྲེ་བའི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ནི་ཕ་མའི་ཁུ་ཁྲག་དང། གཉིད་ཀྱི་སྐབས་སུ་རྨི་ལམ་གྱི་ལུས་ཁྱད་པར་བ་ཕུང་པོ་རྙིང་པ་ལ་འཇུག་པ་རྣམས་སྤྲུལ་སྐུ་དང་བསྲེ་བ་ཡིན་པས། སྐྱེ་གནས་ཀྱི་ཁུ་ཁྲག་དང་རང་གི་ཕུང་པོ་མི་བསྐྱོད་པར་བསྐྱེད་ ནས་སྤྲུལ་སྐུ་བཟུང་བའི་བསམ་པས་འཇུག་དགོས་པ་ཡིན་ལ། རྡོ་རྗེ་འཆང་དུ་བསྐྱེད་པ་མིན་ནོ། །དེ་ལྟར་ལངས་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་དེ་ནི། སྐུ་མདོག་དཀར་པོ་འོང་བ་ཡིན་ཏེ་སྐུ་དེའི་སྒྲུབ་གཞི་སྲོག་འཛིན་གྱི་རླུང་ཤིན་ཏུ་ཕྲ་བ་དེ་ཁ་དོག་དཀར་པོར་ཡོད་ པ་ཡིན་ནོ། །དོན་གྱི་འོད་གསལ་ཐོག་མ་མངོན་དུ་བྱེད་པའི་མཚམས་ནི། སྐུ་གསུང་ཐུགས་ཀྱི་སེམས་དཔའ་གསུམ་བརྩེགས་བྱས་པའི་མ་དག་པའི་སྒྱུ་ལུས་དེ་དག་ནས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་ནཱ་ད་ཡང་འོད་གསལ་དུ་དག་པ་ ན་ཐོབ་པ་ཡིན་ནོ། ༈ ཡང། ཕ་རྒྱུད་ལའང་ལམ་གྱི་ཡན་ལག་ཏུ་ངེས་པར་དགོས་པས་དེའི་དམིགས་པའི་གནད་ནི་སྔགས་འཁོར་རྒྱས་བསྡུས་སོགས་གང་བྱེད་ཀྱང་འདི་དགོས་ཏེ། དམིགས་པ་བཟུང་ [019A]༄༅། །བ་ན་སྙིང་གའི་ཡི་གེ་རྣམས་གྱེན་དུ་བསྒྱུར་བ་དང། སྙིང་གའི་རྩ་འཁོར་ཡང་ཐུར་མ་ལ་སོགས་པས་རྒྱུ་མ་སོགས་ཀྱི་ཕྱི་ནང་བསྒྱུར་བ་ལྟར་དུ་དབུ་མའི་ནང་ནས་གྱེན་ལ་བསྒྱུར་ཏེ། དེའི་རྩེར་ཡི་གེ་དེ་རྣམས་དེད་པའི་རྣམ་པར་ བསྒོམ། སླར་ཡང་ཕྱིར་བསྒྱུར་ཏེ་སྔར་ལྟར་འཇོག་པ་དེ་གནད་དམ་པའོ། །དེ་ལྟར་བྱས་པས་རྩ་རྣམས་མཉེན་པོར་སོང་སྟེ་སྦྱངས་པ་མཐར་ཕྱིན་པ་ན། དངོས་སུ་དེ་ལྟར་ནུས་པ་འབྱུང་ངོ།། ༈ །།སྟོང་ཉིད་བསྒོམ་པའི་གནད་ ནི། བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་ཞིག་བསྐྱེད་དེ། དེ་ནས་རིག་པས་ལེགས་པར་དཔྱོད་ལྟ་བ་ཕུ་ཐག་ཆོད་པ་དེ་ལ་ངེས་པ་དྲངས་ནས་ཡུན་རིང་དུ་མཉམ་པར་བཞག་པ་དེ་ལ་ལུས་ལ་གནད་དུ་བསྣུན་པའི་ཐབས་བསྒོམས་པས། །རྫོགས་རིམ་ གྱི་བདེ་བ་མ་མཐའ་ཞིག་རྙེད་པ་ནས་སྔར་ལྟར་དཔྱད་པ་མི་བྱེད་པར་སྔར་གྱི་ངེས་ཤེས་ཤུགས་དྲག་དེ་དྲན་པར་བྱས་ཏེ་སེམས་བདེ་བའི་ངོ་བོར་སོང་བ་དེས་རྩེ་གཅིག་ཏུ་རང་བཞིན་མེད་པའི་དོན་དེ་ལ་མཉམ་པར་བཞག་པས་སྟོང་པ་ཉིད་ལ་བོགས་ཐོན་ནས་ སྔར་ལས་ཀྱང་ངེས་པ་ཤུགས་ཆེ་བ་དང། བདག་འཛིན་གྱི་གཉེན་པོར་ནུས་པ་མཐུ་ཅན་དུ་སོང་ནས་གཉིས་སྣང་ལྡོག་པ་ཡིན་ནོ། །དེས་ན་ལམ་འདི་ལ་ཐོག་མར་འཁོར་བ་མཐའ་དག་ལ་གཏིང་ནས་ཞེན་པ་ལོག་སྟེ། འཁོར་བའི་ཕུན་ཚོགས་ཇི་འདྲ་བ་ཞིག་ལ་ཡང་ བཙོན་དོང་ལྟར་དུ་མཐོང་བའི་ངེས་འབྱུང་གི་བསམ་པ་དྲག་པོ་ཞིག་དང། དེ་ཡང་རང་ཉིད་གཅིག་པུའི་ཕྱིར་མ་ཡིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་དུ་མས་མནར་བ་ལ། སྙིང་ཐག་པ་ནས་མ་བཟོད་པས་དེ་ཉིད་འདོན་པ་ལ་སྐད་ཅིག་ཀྱང་ཡེངས་ལོང་ [019B]།དེའི་ཕྱིར་ཐོག་མར་གང་ཁས་བླངས་པའི་བསྲུང་སྡོམ་ལ་འབད་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ཞིག་བྱ། དེ་ནས་བྱང་ཆུབ་ཀྱི་སེམས་བཅོས་མིན་ཞིག་མེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་འགྱུར་ བས་དེ་ལ་འབད་པར་བྱའོ། །བདག་མེད་ཀྱི་ལྟ་བ་རྣམ་དག་ཅིག་མེད་ན་འཁོར་བ་ལས་ཀྱང་མི་ཐར་བས་སྟོང་ཉིད་ཀྱི་ལྟ་ལྟུན་བ་ཕུ་ཐག་ཆོད་པ་ཞིག་བྱ། དེ་ལྟར་བྱས་ཏེ་ཐབས་ཟབ་མོ་འདི་ལྟ་བུའི་ལམ་དང་སྦྲགས་ནས་ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པར་བརྩོན་པ་ཆེན་པོས་ ཆུ་བའི་རྒྱུན་བཞིན་དུ་ཉམས་སུ་བླངས་ན་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བསྐམས་ཏེ་རང་གཞན་གྱི་དོན་གྲུབ་ཏུ་འབྱུང་བའི་གོ་འཕང་ཡང་མྱུར་དུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། །འདི་དག་ནི་ལམ་གྱི་འགག་སྡོམ་ཆེ་བ་རྣམས་ཀྱི་དམིགས་པའི་གནད་འགའ་ ཞིག་བསྡུས་པའི་མན་ངག་ཐུན་མོང་མིན་པའི་ཞལ་ཤེས་མེད་མི་རུང་བའི་སྲོག་དག་ཡིན་ནོ། །རྣམ་འདྲེན་སྐུ་བཞིའི་གོ་འཕང་མཆོག་བརྙེས་ནས། །གདུལ་བྱའི་བློ་མུན་མ་ལུས་སེལ་མཛད་པ་།ཆོས་ཀྱི་རྒྱལ་པོ་མཁས་གྲུབ་དགེ་ལེགས་དཔལ། །གང་དེའི་གསུང་ དག་བདུད་རྩིས་ལུས་འཚོ་བ། །དད་པའི་དབང་པོས་སྐལ་བཟང་སྐྱེ་བོའི་ངོར། །ཞལ་ཤེས་གདམས་པ་མ་ནོར་ཚང་བར་བྲིས་།དེས་ནི་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །གཡེལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག། འདི་གཉིས་ཆོས་རྗེ་བ་སོ་བའི་ ཟིན་བྲིས་ཡིན། སྲོག་ཐུར་ཕྲ་བ་བསྲེ་ཚུལ་སོགས་གནད་རྣམས་བླ་མའི་ཞལ་ལས་ཤེས་ །། ༈ །།གཉིས་པ་དེའི་ལག་རྗེས་རླུང་གི་འདུ་རྟགས་ལེགས་ཉེས་དང། འདུས་པ་ལས་ཉམས་མྱོང་སྐྱེ་བའི་རིམ་པ་བསྟན་པའི་གནད་ཀྱི་ཡིག་ཆུང་ནི་ [020A]༄༅། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་ལུས་དབེན་གྱི་སྐབས་སུ་འཇོག་གེགས་བྱུང་ན། དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་ནས། དྷཱུ་ཏཱིའི་དབུས་སུ་དམིགས་པ་སྤོ། དེས་མ་སེལ་ན་གསང་བའི་རྩེར་སྤོ། དེས་ཀྱང་མ་སེལ་ན་ ལྟེ་བའི་རྩར་སྤོ་བ་དང་ལུས་དབེན་གྱི་ཕྲ་ཐིག་བསྒོམ་པའི་སྨིན་བྱེད་དུ་བསྐྱེད་རིམ་པའི་ཕྲ་ཐིག་བསྒོམ་པ་ཡིན་གསུང་ངོ་།ངག་དབེན་གྱི་སྐབས་སུ་རྣལ་འབྱོར་པས་ཁྱབ་བྱེད་ཀྱི་རླུང་ལ་ཡང་རྡོར་བཟླས་བྱེད་པས། ཁྱབ་བྱེད་ཀྱི་རླུང་འདུ་བར་བྱ་བའི་ཆེད་ཡིན་ཅིང་ འདུས་པའི་ལུས་དབེན་དང་ངག་དབེན་གྱི་དོད། མ་རྒྱུད་པའི་གཏུམ་མོའི་རྣལ་འབྱོར་ཡིན། དེ་ཡང་ཕྱིའི་གཏུམ་མོ་ཤ་ལྤགས་ཀྱི་བར་དང། རོ་མའི་ནང་ནས་ནང་གི་གཏུམ་མོ། །རྩ་གཞན་རྣམས་ཀྱི་ནང་ནས་གསང་བའི་གཏུམ་མོ་དྷཱུ་ཏཱིའི་ནང་ནས་འབར་བ་ བཞིན་དཀར་ཆ་ཡང་ཕྱི་ཤ་ལྤགས་ཀྱི་བར་དང། རྐྱང་མ་ནས་ནང་རྩ་གཞན་རྣམས་ནས་གསང་བ་དྷཱུ་ཏཱིའི་ནང་ནས་འབབ་པ་ཡིན་གསུངས་སོ། །སེམས་དབེན་གྱི་སྐབས་སུ་སེམས་དབེན་རྫོགས་པར་སྐྱེ་བ་ངེས་པར་སྤྱོད་པ་ལ་བལྟོས་པའི་དགོས་པ་ཁྱབ་བྱེད་ ཀྱི་རླུང་བསྡུས་པ་ཡིན། འདུས་པའི་སེམས་དབེན་གྱི་དོད་མ་རྒྱུད་ལ་དགའ་བཞི་བསྐྱེད་པ་ཡིན་པས། འདི་ལ་ཞལ་ཤེས་མང་པོ་ཡོད་གསུང། ཕྱིའི་ཕྱག་རྒྱ་ལོ་གྲངས་བཅུ་གཉིས་མ་ལ་བསྔགས་པ་དེ་དུས་གཏུམ་མོ་ཕལ་པ་མ་ཉམས་པའི་རྒྱུ་མཚན་ གྱིས་ཡིན། སྤྱོད་པ་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་སྡུད་པའི་རྒྱུ་མཚན། དེའི་རྐྱེན་གྱིས་བདེ་བ་ཁྱད་པར་ཅན་བསྐྱེད། དེས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་སེམས་མ་ལུས་པར་འདུ་བ་ཡིན་གསུང། དེ་ཡང་ལུས་དབེན་དང་ངག་དབེན་ [020B] དེ་ལ་ངེས་པར་བལྟོས་མི་དགོས། བརྟན་པ་བྱུང་ན་ཤིན་ཏུ་སྟོབས་ཆེ་ཞིང་འདིའི་དགོས་པ་རྫོགས་རིམ་གྱི་རྟོགས་པ་སྔར་མེད་གསར་དུ་སྐྱེ་བའི་ཕྱིར་ཡིན། སེམས་དབེན་དང་སྒྱུ་ལུས་སུ་བརྟེན་པའི་དགོས་པ་རྟོགས་པ་གོང་ནས་གོང་དུ་འགྱུར་བའི་ཕྱིར་ཡིན། དེའི་གོང་འོད་ཟུང་དུ་བརྟེན་པའི་དགོས་པ། སྤང་བྱ་སྤོང་བ་ལ་ནུས་པ་མཐུ་ཅན་དུ་བྱེད་པའི་ཕྱིར་ཡིན་གསུང་ངོ། །ཡང་ལུས་དབེན་གྱི་ཕྲ་ཐིག་གི་སྐབས་སུ་བདེ་བ་ཁོ་ན་འདྲེན་པ་ཡིན། དེ་ལ་བརྟེན་ནས་སྟོང་ ཉིད་ངེས་ཟིན་དྲན་པར་བྱས་ནས་སྦྱོར། རིག་པས་དཔྱད་པ་མ་བྱེད། བྱས་ན་སླར་ཡང་རྟོག་པའི་སྤྲོ་བསྡུ་ལས་རླུང་ལངས་ནས་གེགས་སུ་འགྲོ་བ་ཡིན་གསུང་ངོ།། ༈ སུ་ཅི་རིགས་པར་ཉ་བར་མཁོ་བའི་ཐོར་བུ་ཅི་རིགས་ཡི་ གར་བྲིས་པའི་ཡིག་ཆུང་ནི། ཡང་ལུས་དབེན་གྱི་སྐབས་སུ། ཕྲ་མོ་ལ་དམིགས་པ་ཐུན་འཁྱོངས་པ་བརྟན་པོ་བྱུང་ཀྱང། རླུང་འགག་ཏུ་མ་འདོད་པ་སོགས་བྱུང་བའི་ཞལ་ཤས་ནི། ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་བོ་སོག་སྦུབས་ལྟར་གྱུར་པ་དམིགས་ རྟེན་ལ་ཟུག་པའི་ནང་ནས་རླུང་རྣམས་ཐིམ་པར་བསྒོམ། འདིས་གེགས་སེལ་ཞིང་བོགས་འདོན་པ་ཡིན། འདི་དམིགས་པ་གཏོད་པའི་གནས་གཞན་ལ་ཡང་གེགས་བྱུང་ན། དམིགས་པ་འདི་ག་བྱེད་གསུང་ངོ་།ཡས་བབས་མས་བརྟན་གྱི་དགའ་བཞིའི་ སྐབས་སུ། མས་བརྟེན་གྱི་ལྷན་སྐྱེས་མཚན་ཉིད་རྫོགས་པ་སྤྱི་བོར་བརྟན་པ་ལ་ནི། རླུང་གི་དེ་ཉིད་སྔོན་དུ་སོང་བས་སྙིང་གའི་རྩ་མདུད་སོགས་མ་ལུས་པར་གྲོལ་བའི་མཚམས་ནས་རྣལ་འབྱོར་པས་འབད་པ་མེད་པར་ཡུད་ཙམ་གྱིས་བྱེད་ནུས་གསུང་ [021A]༄༅། །ངོ། །ཡས་བབས་ཀྱི་དགའ་བ་སྐྱེ་བ་ལ། རྩ་མདུད་མ་གྲོལ་ཡང་གཏུམ་མོའི་མེས་བཞུས་ནས་དགའ་བཞི་སྐྱེ་བ་ཡིན། དཔེར་ན་རྫའི་གཤམ་གས་པའི་ནང་དུ་མར་འཁྱགས་པ་ཡོད་པ་འོག་ནས་མེ་སྦར་བས་ཞུ་ནས་འཛག་ པ་བཞིན་ནོ། །ཞེས་གསུངས་ངོ། བསྐྱེད་རིམ་པའི་ལྷའི་ང་རྒྱལ་འཇོག་པའི་ང་དེ་ཐ་སྙད་པའི་ང་ཙམ་དེ་ཡིན་གསུང་ངོ་།བསྐྱེད་རིམ་པའི་བཟླས་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔའ་ལ་ང་རྒྱལ་འཇོག་པ་ཡིན་གསུང་ངོ། །གཉིད་འཐུག་པོའི་སྐྱབས་ སུ་འདི་གསལ་འཆར་བའི་ཐབས་ནི་སྙིང་གར་རང་གི་ལུས་སེམས་འོད་ཀྱི་ཕུང་པོར་བསྒོམ་པ་ཡིན་གསུང། གཉིད་དང་བསྲེ་བའི་སྐབས་སུ་གཞི་དུས་ཀྱི་གཉིད་ཀྱི་སྟོང་པ་བཞི་དང། རྨི་ལམ་གྱི་ལུས་དང། རྨི་ལམ་གྱི་སྐབས་ཀྱི་རྣམ་སྨིན་གྱི་ ལུས་སོགས་ནི་རིམ་པ་བཞིན་གཞི་དུས་ཀྱི་ཆོས་སྐུ། ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན། གཉིད་ཀྱི་སྟོང་པ་འོད་གསལ་གྱི་ངོ་བོར་ཤར་བ་དང། དེའི་མཚམས་ནས་རྡོ་རྗེ་འཆང་དུ་ལངས་པ་དང་དེ་རྣམ་སྨིན་གྱི་ལུས་ལ་བསམས་བཞིན་དུ་ ཞུགས་པ་རྣམས་ནི་རིམ་པ་བཞིན་དུ་གཉིད་ཀྱི་སྐབས་སུ་ལམ་དུས་ཀྱི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ཡིན་ནོ། །གཉིད་འཐུག་གི་མཐར་རྡོ་རྗེ་འཆང་གི་སྐུར་ལངས་པའི་རྨི་ལམ་གྱི་ལུས་དེ་རྨི་ལམ་གྱི་སྐབས་ཀྱི་ལོངས་སྐུར་བྱས་པ་འདི་ ལ་གཉིས་ཡོད་ཀྱང། རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ལྟ་བུའི་ནུས་པ་མཐུ་ཅན་དུ་སོང་བས་ནི། རྨི་ལམ་གྱི་ལུས་དང་རྣམ་སྨིན་གྱི་ལུས་གཉིས་སོ་སོར་སྣང་བ་འབྱུང་ལ། དེའི་གོང་དུ་དེ་གཉིས་སོ་སོར་མི་སྣང་ཡང། རྨི་ལམ་གྱི་ལུས་རྡོ་ [021B] །དེ་བཞིན་དུ་རྨི་ལམ་གྱི་སྤྲུལ་སྐུ་ཡང་གཉིས་ཡོད་ཅིང། དེ་ངོས་ཟིན་པ་ཞལ་གྱི་གདམས་པ་མེད་ན་ཅུང་དཀའ་ཡང། འདིར་རྨི་ལམ་གྱི་སྐབས་སམ་སད་པར་ཤེས་པའི་སྐབས་གཉིས་ཀྱང་གང་ཡིན་ཡང་རུང་སྟེ། རྨི་ ལམ་གྱི་ལུས་རང་དགའ་བའི་སྣང་བ་ནི་འཆར་བར་འདོད་པས་མཚམས་དེར་སྤྲུལ་སྐུ་རྡོ་རྗེ་འཆང་དུ་བསྒྱུར་བའོ། །སྤྲུལ་སྐུ་དེ་ཡང་ལུས་གཉིས་སོ་སོར་སྣང་བའི་གང་ཟག་ཡིན་ན། བསྐྱེད་རིམ་གྱི་སྐབས་སུ་ལོངས་སྐུ་སྤྲུལ་སྐུ་ལ་ཞུགས་པར་གསུངས་ བ་བཞིན་དུ་བྱས་པས་ཆོག་ཅིང། དེའི་སྤྲུལ་སྐུ་ནི་དམ་ཚིག་སེམས་དཔའི་དོད་དང། ལོངས་སྐུ་ནི་ཡེ་ཤེས་སེམས་དཔའི་དོད་ལྟར་བྱས་པས་ཁྱབ་བོ། །གཉིས་པ་གསལ་བའི་དབྱེ་བ་ལ་གསུམ། རྡོར་བཟླས། སེམས་དབེན། སྒྱུ་ལུས་ཀྱི་ཡིག་ཆུང་ དོ། །དང་པོ་ལ་གཉིས། རྡོར་བཟླས་ཀྱི་ངོ་བོ་དང། དེའི་ཁྱད་པར་རོ། །དང་པོ་ནི། བླ་མ་རྡོ་རྗེ་འཆང་ལན་མོ། རྡོར་བཟླས་ཀྱི་གནད་གསལ་བར་དྲིལ་ན། དཔེར་ན་གཞལ་ཡས་ཁང་པའི་རྒྱ་མཐོངས་ནས་རླུང་བྱུང་ནས་དྲི་མགོ་ལ་ཕོག་པ་ལྟར་མི་ ཤིགས་པའི་ཐིག་ལེ་ལ་ང་རྒྱལ་འཕོས་ཏེ། རང་དང་ཐིག་ལེ་གཉིས་སུ་མི་སྣང་བར་སླར་ཡང་བློ་ཐིག་ལེ་རྣམས་ལྷན་ཅིག་ཏུ་བསྐྱེད་པ་སྟེ། སྙིང་གའི་རྩ་འཁོར་གྱི་དབུས་སུ་རྩ་དེ་དག་དཀར་པོ་འོད་དང་བཅས་པ་ཞིག་དམིགས་ལ། དེ་ཐིག་ལེའི་རྣམ་པར་ གནས་པ་ལ་རང་རྣམས་དབུ་མའི་ཡར་སྣ་སོག་སྤུབས་ཀྱི་འཕྲོ་འདྲ་བ་ནས་ཞུགས་པས་ཡས་མར་འོད་ཀྱི་རྣམ་པར་འབྱུང། རང་ཐིག་ལེར་གནས་པ་ལ་ཐིམ། ཅུང་ཟད་གནས་ནས་དབུ་མ་ནས་ཡར་མཛོད་སྤུའི་བར་སོང་བར་བསྒོམ། ཐིག་ལེ་གསལ་ [022A]༄༅། །ཞིང་བརྟན་པའི་ངང་ནས་ལྡང་འཇུག་གནས་གསུམ་གྱི་རླུང་གི་རང་སྒྲ་དེ། ཨོཾ་ཨཱ་ཧཱུཾ་གསུམ་གྱི་སྒྲར་གྲགས་པ་ལ་རང་ཐིག་ལེའི་རྣམ་པར་གནས་པས་ཡིད་གཏད་ནས་ཉན་པའི་ཚུལ་དུ་བསྒོམ་པ་ཡིན་ཏེ། དཔེར་ན་ཕྱི་རོལ་ ནས་རླུང་བུ་ག་སོགས་ལ་ཕོག་པ་ན་སིང་ཟེར་བའི་སྒྲ་བྱུང་ཡང། དེ་རང་གིས་བརྗོད་པའི་རྣམ་པ་མི་འབྱུང་ཞིང། ཉན་ཤེས་ཀྱིས་ཚོར་བའི་རྣམ་པ་ཡིན་པ་བཞིན་ནོ་གསུང་ངོ། །ལྡང་འཇུག་གནས་པ་རྣམས་ཀྱི་ཚེ་བདེ་བའི་རྣམ་པ་དང། དངོས་པོ་མེད་ པའི་ཚུལ་དུ་བྱ་ཞེས་ཞལ་ཤེས་སོ། །གཉིས་པ་རྡོར་བཟླས་དེའི་ཁྱད་པར་ལ་གཉིས། སྙིང་གའི་རྩ་མདུད་འབྱེད་པའི་རྡོར་བཟླས་དང། སྲོག་ཐུར་བསྲེ་བའི་རྡོར་བཟླས་སོ། །དང་པོ་ནི་རྡོ་རྗེའི་བཟླས་པས་སྙིང་གའི་རྩ་མདུད་འབྱེད་པའི་མན་ངག་ཁྱད་པར་ བ་ནི། སྟེང་རླུང་ཨོཾ་གྱི་གདངས་ཀྱིས་ནང་དུ་འཇུག་པ་ན་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་དེ་མར་ལ་བུང་པ་ཞིག་བྱས་ཏེ། དེར་ཨཱ་འི་གདངས་ཀྱིས་གནས་ཤིང། ཧཱུཾ་གི་གདངས་ཀྱིས་ཕྱིར་འབྱུང་བ་དང་དུས་མཉམ་དུ་ སྔར་གྱི་གནས་སུ་ཐིག་ལེ་དེ་ཉིད་འབྱུང་བའི་དམིགས་པ་བྱའོ་།མན་ངག་འདི་རྨི་ལམ་འཛིན་པའི་སྐབས་སུའང་བྱའོ། །གཉིས་པ་ལ་གཉིས། སྙིང་གར་སྲོག་ཐུར་རགས་པ་བསྲེ་བའི་རྡོར་བཟླས་དང། གནས་གཞན་དུ་སྲོག་ཐུར་རགས་པ་བསྲེ་ བའི་རྡོར་བཟླས་སོ། །དང་པོ་ནི། སྟེང་འོག་གི་སྣ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པ་དང་དུས་མཉམ་དུ་སྙིང་གར་གནས་པ་དམིགས་རྟེན་ལ་སིམ་པའི་ཚུལ་གྱི་དུས་མཉམ་ཕྱིར་འགྲོ་བ་ཡང་དུས་གཅིག་ལ་གྱེས་པ་ཡིན་གསུང། ཐུགས་རྡོ་རྗེའི་ཧཱུཾ་ [022B]གཉིས་པ་ནི། དེ་བཞིན་དུ་སྟེང་རླུང་སྣ་བུག་ནས་ཨོཾ་གྱི་གདངས་དང། འོག་རླུང་ཡང་འོག་སྒོ་གཉིས་ནས་ཨོཾ་གྱི་གདངས་ཀྱིས་གསང་གནས་བར་དུ་དུས་མཉམ་དུ་འཇུག་ཅིང། གསང་གནས་ཀྱི་རྩ་ འཁོར་གྱི་དབུས་སུ་ཨཱ་འི་གདངས་ཀྱིས་དུས་མཉམ་དུ་གནས་པ་དང། ཕྱིར་འབྱུང་བ་ན་ཧཱུཾ་གི་གདངས་ཀྱིས་དུས་མཉམ་དུ་འོག་གི་སྒོ་གཉིས་ནས་ཕྱིར་འབྱུང་བ་དུས་མཉམ་རྡོར་བཟླས་བྱའོ་།དེ་བཞིན་དུ་ལྟེ་བ་མགྲིན་པ་སྤྱི་བོ་རྣམས་སུ་བྱ་སྟེ། གནས་ གཞན་དུ་སྲོག་ཐུར་བསྲེ་བའི་ཞལ་གྱི་གདམས་པའོ། །མན་ངག་འདིའི་རྡོར་བཟླས་ཡང། རྩ་འཁོར་གཞན་གྱི་དབུས་སུ་རང་རང་གི་ཐིག་ལེ་ལ་དམིགས་ནས་བྱའོ།། མཁས་གྲུབ་རྗེའི་ཟིན་བྲིས་ཡིན།། ༈ སེམས་ དབེན་རྗེས་མཐུན་པའི་སྐབས་སུ་དྲན་པ་གསུམ་ལྡན་དུ་བྱ་བ་དང། སེམས་དབེན་མཚན་ཉིད་པའི་སྐབས་སུ་དྲན་པ་གསུམ་ལྡན་དུ་སྐྱོད་ཚུལ་ལོ། །དང་པོ་ནི། ཕྲ་ཐིག་དང་རྡོར་བཟླས་ཀྱི་རླུང་འདུས་ཀྱང་སྟོང་པ་བཞི་གོ་རིམས་ངས་མེད་དུ་འཆར་ ན་ཅུང་ཕན་ཆུང་བས། དེ་མེ་འཁྲུལ་བར་བྱ་བ་ནི། རྟགས་བཞི་དང་སྟོང་པ་བཞི་འཆར་བའི་གོ་རིམས་མཁས་པར་བྱས་ནས་སྣང་བ་ཤར་བ་ན་འདི་སྣང་བ་ཡིན། འདིའི་སྔོན་དུ་ས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས་རྣམས་སོང་བ་ཡིན། སྣང་བ་ འདི་འགགས་པའི་རྗེས་སུ་སྣང་བ་མཆེད་པ་འཆར་བ་ཡིན་སྙམ་དུ་ཡིན་ལ་ངེས་པར་བྱའོ། །དེས་གཞན་གསུམ་ལའང་རིགས་འགྲེའོ་།འདི་ནི་སྟོང་པ་བཞི་མི་འཁྲུལ་བར་བྱ་བའི་ཐེབས་སོ། །འདི་ལ་སྐུ་མཆེད་གཉིས་ཀྱིས་ཟན་བྲིས་གཉིས་གནང་ཡང་ [023A]༄༅། །ཕྱི་མ་གསལ་ལ་རྒྱས་པ་ལྟར་བཀོད་དོ། །གཉིས་པ་སེམས་དབེན་མཚན་ཉིད་པ་ལ་གཉིས། སྣང་མཆེད་ཐོབ་གསུམ་དཔེའི་འོད་གསལ་དང་བཅས་པའི་སྐབས་སུ། དྲན་པ་གསུམ་ལྡན་དུ་བྱ་བའི་ཚུལ་དང། འོད་གསལ་ ལས་སྒྱུ་མའི་སྐུར་ལྡང་བའི་དུས་མཚམས་བསྟན་པའོ། །དང་པོ་ནི། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས། དང་པོར་སྨིག་རྒྱུ་ལྟ་བུ། དེ་ནས་སྲིན་བུ་མེ་ཁྱེར་ལྟ་བུ། དེ་ནས་མར་མེ་འབར་བ་ལྟ་བུའི་ཉམས་འཆར་ཞིང། དེའི་ རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བའི་ཡེ་ཤེས་འཆར་ལ། དེའི་དུས་སུ་འདི་ནི་སྣང་བའི་ཡེ་ཤེས་སོ་སྙམ་དུ་དྲན་པ་དང། འདིའི་སྔོན་དུ་མར་མེ་ལྟ་བུ་སོང་བ་ཡིན་སྙམ་དྲན་པ་དང། འདིའི་རྗེས་སུ་ མཆེད་པའི་ཡེ་ཤེས་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་འབྱུང་སྙམ་དུ་དྲན་པ་གསུམ་དང་ལྡན་པར་བྱ་ཞིང། དེ་བཞིན་དུ་མཆེད་པའི་ཡེ་ཤེས་ཤར་བའི་ཚེ་འདི་ནི་མཆེད་པའི་ཡེ་ཤེས་སེ་སྙམ་དུ་དྲན་པ་དང། དེའི་ གོང་དུ་སྣང་བའི་ཡེ་ཤེས་སོང་བ་ལས་བྱུང་བའོ་སྙམ་དུ་དྲན་པ་དང། དེའི་རྗེས་སུ་ཉེར་ཐོབ་ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་མུན་པས་ཁྱབ་པ་ལྟ་བུ་འབྱུང་ངོ་སྙམ་དུ་དྲན་པའི་དྲན་པ་གསུམ་དང་ལྡན་པར་བྱ་ཞིང། དེ་བཞིན་དུ་ཉེར་ཐོབ་ ཤར་བའི་ཆེ་ནམ་མཁའ་ཉེར་ཐོབ་དུས་སུ་ངེས་མི་ནུས་ཀྱང་ཉེར་ཐོབ་ཀྱི་སྟོད་སྨད་གཉིས་སུ་འདི་ནི་ཉེར་ཐོབ་བོ་སྙམ་དུ་དྲན་པ་དང། འདི་ནི་སྣང་བ་མཆེད་པའི་ཡེ་ཤེས་སྔོན་དུ་སོང་བ་ལས་འབྱུང་བའོ་སྙམ་དུ་དྲན་པ་དང། འདིའི་རྗེས་སུ་སྟོན་གྱི་ [023B]བྲལ་བའི་འོད་གསལ་འབྱུང་ངོ་སྙམ་དུ་དྲན་པའི་དྲན་པ་གསུམ་དང་ལྡན་པར་བྱ་ཞིང། དེ་བཞིན་དུ་འོད་གསལ་ཤར་བའི་ཚེ་འདི་འོད་གསལ་ལོ་སྙམ་དུ་དྲན་པ་དང། འདི་ནི་ཉེར་ཐོབ་སྔོན་དུ་སོང་བ་ལས་བྱུང་བའོ་ སྙམ་དུ་དྲན་པ་དང། འདིའི་རྗེས་སུ་སྒྱུ་ལུས་འགྲུབ་བོ་སྙམ་དུ་དྲན་པའི་དྲན་པ་གསུམ་དང་ལྡན་པར་བྱའོ། །གཉིས་པ་ནི་འོད་གསལ་ཤར་བའི་ཚེ་སྟོན་གྱི་ནམ་མཁའ་གཡའ་དག་ལ་ཟླ་འོད་དང། ཉི་འོད་དང། མཚམས་ཀྱི་མུན་པ་དང་བཅས་པའི་སློད་བྱེད་ ཀྱི་རྐྱེན་གསུམ་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་དུ་ཐོན་པའི་སྟོང་སང་དེ་བ་གཡོ་མེད་དུ་གནས་པ་ཞིག་འོང་ཞིང། དེའི་ངང་ནས་འདིར་ཕྲ་ཐིག་ཙམ་གྱི་ཅུང་ཟད་གཡོ་བ་ཞིག་འོང་བས། དེ་འབྱུང་བའི་ཚེ་འོད་གསལ་ལས་ལྡང་བར་རྩོམ་པ་ཡིན་ པས་མཚམས་དེ་ནས་སྒྱུ་མའི་སྐུར་ལྡང་བར་བྱའོ།། སྣང་མཆེད་ཐོབ་གསུམ་གྱི་ཞལ་གདམས་ཆས་ཤིན་ཏུ་ཟབ་པའི་བརྗོད་བྱང། མཁས་གྲུབ་རྗེས་མཛད་པའོ་ ། །གསུམ་པ་ལ་གཉིས། སྒྱུ་ལུས་དངོས་དང། དེ་དང་འབྲེལ་བའི་གདམས་པའོ། །དང་པོ་ལ་གཉིས། སྒྱུ་ལུས་ ཀྱི་མཚུངས་ལྡན་ལྔ་དང། ཁྱད་པར་ལྔ་ལྡན་ནོ། །དང་པོ་ནི། གཉིད་ཀྱི་འབྱུང་བ་ཐིམ་རིམ་རྣམས་ཀྱི་གཉིད་ཀྱི་འོད་གསལ་ལས་རྨི་ལམ་གྱི་ལུས་སུ་ལངས་པ་དང། དེའང་རླུང་སེམས་ཙམ་ལས་གྲུབ་པ་དང། དེར་ང་རྒྱལ་འཕོས་པ་དང། ལུས་རགས་པ་ ལས་གོ་ས་ལོགས་སུ་བྱེ་བ་དང། སླར་ཡང་ལུས་རགས་པ་ལ་འཇུག་པ་ལྟར་རིམ་པ་བཞིན་ལམ་དུས་ཀྱི་འབྱུང་བ་ཐིམ་རིམ་རྣམས་ཀྱི་དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལངས་པ་དང། དེའང་རླུང་སེམས་ཙམ་ལས་གྲུབ་པ་དང། དེར་ང་རྒྱལ་འཕོས་ [024A]༄༅། །པ་དང། ལུས་རགས་པ་ལས་གོ་ས་ལོགས་སུ་བྱེ་བ་དང་སླར་ཡང་ལུས་རགས་པ་ལ་འཇུག་པ་དང་ཆོས་མཚུངས་པ་ཡིན་གསུང་ངོ། །གཉིས་པ་ནི། གང་ནས་ལྡང་བ་གནས་ཀྱི་ཁྱད་པར་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་ དེའི་ཡང་ནང་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་བ་འདྲ་བའི་ནང་ནས་ལྡང་གང་ལས་ལྡང་བ་རྒྱུའི་ཁྱད་པར། ཐིག་ལེའི་ནང་གི་སྲོག་རླུང་ཤིན་ཏུ་ཕྲ་བ་དང། རྣམ་ཤེས་ཤིན་ཏུ་ཕྲ་བ་ལས་ལྡང། ཐོག་མེད་ནས་ཀྱི་ཐིག་ལེ་ཤིན་ཏུ་ཕྲ་བ་ཡང་ཡོད་ གསུང། གང་གིས་ལྡང་བ་རྟེན་གྱི་ཁྱད་པར། སྒྱུ་མའི་སྐུར་ངེས་པར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོས་ལྡང་གང་གི་ཚེ་ལྡང་བ་དུས་ཀྱི་ཁྱད་པར། ཀུན་རྟོག་གཡོ་བའི་རླུང་དང་སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པའི་དཔེའི་འོད་གསལ་ལ་ཇི་ ཙམ་གནས་ཀྱི་བར་བཞག་པའི་མཐར་ལྡང་བར་རྩོམ་པ་ནི། དཔེར་ན་གཞོད་པ་ལ་སོགས་པ་ཆུས་བཀང་བ་ན། རླུང་མ་ལངས་པར་མེར་རེ་སྡོད་ལ། རླུང་ཅུང་ཟད་ལངས་པ་དང་ཐ་མ་ནས་ཟེད་ཟེད་དམ་བན་བུན་བྱུང་ན་ལྡང་བར་རྩོམ་པ་བཞིན་དཔེའི་འོད་ གསལ་ལས་ལྡང་བར་རྩོམ་པའོ། །དེས་སྒྱུ་མའི་སྐུ་ལས་ལྡང་བར་རྩོམ་པ་ཡང་རིགས་འགྲེ་གསུང་ངོ། །གང་གི་ངོ་བོར་ལྡང་བ་འབྲས་བུའི་ཁྱད་པར། དང་པོའི་མགོན་པོ་སྐུ་མདོག་དཀར་པོ་མཚན་དཔེས་བརྒྱན་པ། ཐུགས་བདེ་སྟོང་གཉིས་སུ་མེད་པའི་ ངོ་བོར་ལྡང་བ་ཡིན་ཞེས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་གསུང་ངོ། །ཞར་ལ་གཞན་ནས་འབྱུང་བའི་སྟོང་གཟུགས་ཀྱི་སྐུ་ངེས་པ་ལྔ་ལྡན་སོགས་ཤེས་དགོས་སོ། །གཉིས་པ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ནི། སྒྱུ་ལུས་སྐབས་ [024B]བ་ལ། གཞི་དུས་ཀྱི་སེམས་དཔའ་གསུམ་བརྩེགས། ལམ་དུས་ཀྱི་སེམས་དཔའ་གསུམ་བརྩེགས། འབྲས་དུས་ཀྱི་སེམས་དཔའ་གསུམ་བརྩེགས་ཏེ་གསུམ་ཚན་གསུམ་དུ་ཡོད་དོ། ། གཞི་དུས་ཀྱི་སེམས་དཔའ་གསུམ་བརྩེགས་ནི། དེ་ལྟར་གྱི་ལུས་རགས་པ་འདི་དམ་ཚིག་སེམས་དཔའ། དེའི་སྙིང་གའི་དང་པོར་ཆགས་པའི་ཐིག་ལེ་དཀར་དམར་ནི་ཡེ་ཤེས་སེམས་དཔའ། དེའི་ནང་གི་སྲོག་འཛིན་ཤིན་ཏུ་ཕྲ་བ་ནི་ཏིང་ངེ་འཛིན་སེམས་དཔའ་ ཤིན་ཏུ་ཕྲ་བའི་སེམས་དེའི་བཞོན་པ་དང་བཅས་པ་ནི་སྒྱུ་ལུས་ཀྱི་སྒྲུབ་གཞི་ཡིན་ནོ། །ལམ་དུས་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས་བསྐྱེད་རིམ་ནི་གོ་སླ་ལ། རྫོགས་རིམ་ནི་སྟོང་པ་བཞིའི་མཐར་ཤིན་ཏུ་ཕྲ་བའི་རླུང་སེམས་ལས། སྒྱུ་ལུས་དངོས་ སམ་རྗེས་མཐུན་པར་ལངས་ནས་སླར་ཡང་ཕུང་པོ་རྙིང་པའི་སྙིང་གར་ཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེ་ལྟར་ལྡང་བ་དང་ཞུགས་པར་བྱེད་པའི་སེམས་ནི་ཏིང་ངེ་འཛིན་སེམས་དཔའ། དམ་ཚིག་སེམས་དཔའ་ནི་སྔར་བཞིན་ནོ། །འབྲས་དུས་ཀྱི་སེམས་ དཔའ་གསུམ་བརྩེགས་ནི། དོན་གྱི་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞངས་པ་དེས་མཆོག་གི་སྤྲུལ་སྐུ་ལ་སོགས་པ་གཟུགས་རགས་པ་བཟུང་བའམ་གཞན་དོན་དུ་འགྱུར་བར་གཟིགས་ནས་སླར་ ཡང་ཕུང་པོ་རྙིང་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རྣམ་པར་ཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེའི་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་ཏིང་ངེ་འཛིན་སེམས་དཔའ། སྤྲུལ་སྐུ་གསར་པའི་ཕུང་པོ་རྙིང་པ་ནི་དམ་ཚིག་སེམས་དཔའ། གྲུབ་ཆེན་ས་ར་ [025A]༄༅། །ཧ་ནི་ཕུང་པོ་རྙིང་པ་ལ་ཞུགས་པ་ཡིན་གསུང།། འདི་རྣམས་ལ་སྐུ་མཆེད་གཉིས་ཀྱིས་ཟིན་བྲིས་གཉིས་སྣང་ཡང་གནད་རྣམས་ཕྱི་མ་གསལ་ལ་རྒྱས་པར་སྣང་བས་བཀོད་པ་ཡིན་ནོ། ༈ །། གཉིས་པ་ཐུན་མོང་མ་ ཡིན་པའི་སེམས་དཔའ་དགུ་བརྩེགས་ཀྱི་གནད་རྣམས་བླ་མའི་ཞལ་གྱི་དཀྱིལ་འཁོར་འབའ་ཞིག་ལས་ཤེས་དགོས་སོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། རྨི་ལམ་བཙན་ཐབས་སུ་འཛིན་པའི་མན་ངག་ནི། རྨི་ལམ་འཛིན་ པའི་འདུན་པ་ལེགས་པར་སྦྱངས་པའི་མཚམས་ནས་གཉིད་ལོག་པའི་ཚེ། གྲོགས་རྨི་ལམ་འཛིན་པའི་ཚོད་ལ་མཁས་པ་ཞིག་གིས་རྨི་ལམ་ཡིན་ནོ། །རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་གྱིས་ལ། དགེ་སྦྱར་འདི་ལྟ་བུ་གྱིས་ཤིག་ཅེས་རྣ་ཁུང་དུ་ དང་པོར་སྒྲ་ཆུང་དུ་སྒྲོག་གཉིད་མི་སད་པའི་གདེང་རྙེད་པའི་མཚམས་ནས་ཅུང་ཆེ་བར་སྒྲོག་དེ་ཐོས་པས་རྒྱེན་བྱས་ནས་རྨི་ལམ་ངོ་ཤེས། །དེ་ལྟར་དོ་ཤེས་ནས་ཉིན་པར་གང་ལ་བྱང་བའི་དགེ་སྦྱོར་རྣམས་སྐྱོང། དང་པོ་མ་གོམས་བར་དུ་ གཉིད་མྱུར་དུ་སད་འོང་བས། དེ་ལ་ནི་སྙིང་གའམ་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་སྲན་མ་ཙམ་ཞིག་ལ་སེམས་བཟུང། ཡང་སྔར་བཞིན་དགེ་སྦྱོར་སྐྱོང། ཁྱད་པར་རྨི་ལམ་ལོངས་སྐུར་ལྡང་བ་ལ་བསླབ་པར་བྱའོ། །དེ་ལྟར་བྱས་པས་རྨི་ལམ་ མྱུར་དུ་ཟིན་པ་དང། སད་འབྱམས་གཅོད་པའི་གདམས་པ་གཉིས་སྣང་ངོ། །གསང་འདུས་མར་ལུགས་ཀྱི་གདམས་དག་གི་སྙིང་པོ་བླ་ན་མེད་པ་འདིའི་གནད་རྣམས་ཞིབ་ཏུ་ད་དུང་བླ་མའི་ཞལ་ལས་ཤེས་དགོས་ཤིང། ལག་ལེན་ནི་གྲོགས་ཁྱད་ [025B] །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རྨི་ལམ་མི་འཁྲུལ་བའི་ཐབས་ལ་རླུང་བྱང་བའི་གནད་ནི། བསྲེ་བའི་སྐབས་སུ་གཉིད་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན་རང་སྟོབས་ཆེ་ཞིང། རྨི་ལམ་རྣམས་ཕལ་ཆེར་ འཁྲུལ་མེད་འོང་བའི་རྒྱུ་མཚན། སད་དུས་སུ་སྙིང་གའི་སྡུད་རིམ་ལེགས་པར་སྦྱངས་ནས་རླུང་འདུས་པ་དང། གཉིད་དུས་དང་རྨི་ལམ་གྱི་དུས་སྙིང་གར་རླུང་ལེགས་པར་འདུས་པའི་དུས་སུ་ལྐོག་གྱུར་གཏན་ལ་ཕེབས་པའི་བག་ཆགས་རྣམས་ཀྱང་ འདུས་པའི་གནད་ཀྱིས་ཡིན་གསུང་ངོ། །གདན་རྫོགས་དང་ཆོས་དྲུག་གི་ཁྲིད་ཡིག་ཏུ་གནད་གཞན་འགའ་ཞིག་ལ་བརྟེན་ནས་རྨི་ལམ་མི་འཁྲུལ་བར་བྱ་བའི་ཐབས་ཁྱད་པར་ཅན་ཞིག་ཀྱང་ཡོད་པར་སྣང་ངོ་ཞེས་གསུངས་པ་ནི་ཞལ་ལས་ཤེས་དགོས་ སོ། །གཉིད་ཀྱི་འོད་གསལ་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན་འཆི་བའི་འོད་གསལ་དང་བར་དོ་རླུང་སྟོབས་ཀྱིས་ཟིན་པས་ཁྱབ་དེ་བཞིན་དུ་གཉིད་ཀྱི་འོད་གསལ་དང་རྨི་ལམ་འདུན་པས་ཟིན་ན་འཆི་བའི་འོད་གསལ་དང་བར་དོ་འདུན་པས་ ཟིན་པས་ཁྱབ་ཅིང། སྨིག་རྒྱུ་སོགས་ཀྱི་རྟགས་རྣམས་ངས་པར་འཁྲུལ་མེད་འཆར་ན་རླུང་སྟོབས་ཀྱིས་གཉིད་ཀྱི་འོད་གསལ་སོགས་ཟིན་པས་ཁྱབ་པ་ཡིན་པས་རྨི་ལམ་གྱི་བསྲེ་བ་འདི་དག་བར་དོ་དང་བསྲེ་བའི་ཚོད་འཛིན་འཁྲུལ་མེད་ཡིན་གསུང་ངོ། ། དེའི་ཐབས་ཀྱང་ཞག་འགའ་གཉིད་བཅག་ནས་ཉིན་པར་སྙིང་གའི་སྡུད་རིམ་ལ་སྦྱངས། མཚན་མོ་གཉིད་ལོག་ཁར་སྙིང་གའི་སྡུད་རིམ་དང། རྡོར་བཟླས་དང། བསམ་གཏན་གཉིས་ཀྱི་སྡུད་རིམ་གྱིས་གཉིད་དུ་བཏང་བས་ལན་ཅིག་ལ་མི་འཆར་ཡང་ [026A]༄༅། །ཐངས་གཉིས་གསུམ་བྱས་པས་ངེས་པར་རྟགས་འཆར་རོ་གསུང་ངོ། །རྨི་ལམ་དུ་འདུན་པས་ཟིན་ནས་རླུང་སྟོབས་ཀྱིས་ཟིན་པའི་མན་ངག་ནི། རྨི་ལམ་འདུན་པས་ཟིན་པ་དང་སྙིང་གའི་སྡུད་རིམ་རྡོར་བཟླས་སོགས་བྱས་པས། གཉིད་ཀྱི་ འོད་གསལ་སོགས་རླུང་སྟོབས་ཀྱིས་ཟིན་པས་ཐབས་མཁས་ཁྱད་པར་ཅན་ཡིན་ནོ་གསུང་ངོ། །གཉིད་དང་རྨི་ལམ་ཟིན་དུས་ཀྱི་གཉིད་ཀྱི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག་དེ་ལས་ལྡང་བར་རྩོམ་པ་ན་འཕེན་པ་བཏང་ནས་ལོངས་སྐུར་ལྡང་ དེ་ལས་སད་པར་རྩོམ་པ་ན་སྙིང་གའི་སྡུད་རིམ་སོགས་བྱས་ནས་གཉིད་ཀྱི་འོད་གསལ་དུ་གཏོང་བ་འཁོར་མར་བྱེད་པ་ནི། གཉིད་དང་རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡིན་གསུང། སྤྲུལ་སྐུ་དང་བསྲེ་བའི་སྐབས་སུ་རླུང་སྟོབས་ཀྱིས་བར་དོ་ལོངས་སྐུ་ཟིན་པ་ལ་ མི་དགོས་ཀྱང། འདུན་པས་བར་དོ་ཟིན་པའི་དུས་སུ་འཕོ་བ་དགོས་པ་ཡིན་གསུང། དེའི་མན་ངག་ནི། གཞན་རྣམས་མི་དགོས། བར་དོའི་ལུས་དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས། རྣམ་ཤེས་བཞོན་པ་དང་བཅས་པ་དེ་མཁའ་སྤྱོད་ འོག་མིན་སོགས་སྔགས་སྤྱོད་པའི་ལུས་རྟེན་ཁྱད་པར་ཅན་དུ་འཕོ་བའོ་གསུང་ངོ། །རྨི་ལམ་རླུང་དང་འདུན་པ་གང་གིས་ཟིན་ཀྱང་ལོངས་སྐུ་དེ་ལས་ལྡང་བར་རྩོམ་པ་ན། འཕེན་པ་བཏང་ནས་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པ་སོགས་སུ་ལྡང་ བར་བྱེད་ཅིང། དེ་ལས་ཕྲ་བ་ནི་རྨི་ལམ་གྱི་ལོངས་སྐུ་ལས་རྨི་ལམ་གྱི་ལུས་རང་དགའ་བར་ལྡང་བར་རྩོམ་པ་ན། འཕེན་པ་བཏང་ནས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་དུ་ལྡང། དེ་ལས་ལྡང་བར་རྩོམ་པ་ན་འཕེན་པ་བཏང་ནས་རླུང་སྟོབས་ཀྱིས་ [026B] རྣམ་སྨིན་གྱི་ལུས་དང་རྨི་ལམ་གཉིས་པོ་སོ་སོར་སྣང་བས། རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་སོགས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ཡིན་གསུང་ངོ།། ༈ །།རྗེ་ བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སད་དུས་ཀྱི་འོད་གསལ་དང། གཉིད་དུས་ཀྱི་འོད་གསལ་དང། འཆི་དུས་ཀྱི་འོད་གསལ་ལས་སྒྱུ་མའི་སྐུར་ལྡང་བའི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་རྣམ་སྨིན་གྱི་ཕུང་པོ་རྙིང་པ་འདི་ལས་ལོགས་སུ་བྱེ་ སྟེ། གསང་འདུས་ཀྱི་སྐབས་སུ་དང་པོའི་མགོན་པོའི་སྐུར་ལྡང་བར་བྱ་སྟེ། དེས་མཚོན་ནས་རྡོ་རྗེ་འཇིགས་བྱེད་སོགས་ལའང་དེ་དག་རང་རང་གི་སྐབས་ཀྱི་རིམ་པ་བཞིན་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་ཡིན་ཞིང། འདིར་ཡང་སྒྱུ་ལུས་ལོངས་སྐུར་ལྡང་བ་ ཡིན་པའི་ཕྱིར་རོ། །འོད་གསལ་ལས་སྒྱུ་མའི་སྐུར་ལྡང་བའི་ཚེ་རྣམ་སྨིན་གྱི་ལུས་ལས་གོ་ས་ལོགས་སུ་བྱེ་ནས་ལྡང་བ་དང། ཆུ་ལས་ཉ་ལྡང་བའི་ཚུལ་གཉིས་གསུངས་ཀྱང་སྔ་མ་གདམས་ངག་གི་མཆོག་ཡིན་ལ། དེ་ཡང་རྣམ་སྨིན་གྱི་ལུས་ལས་ལོགས་ སུ་བྱེ་ནས་ལོངས་སྐུར་ལྡང་ཞིང། ལོངས་སྐུ་དེ་ཡང་རྣམ་སྨིན་གྱི་ཕུང་པོ་ལ་ཚུར་འཇུག་པ་ནི་སྤྲུལ་སྐུར་ལྡང་བ་ཡིན་ནོ།། འདི་རྣམས་མཁས་གྲུབ་རྗེའི་ཟིན་བྲིས་ཡིན།། ༈ །།དེ་ལྟར་རྫོགས་རིམ་གྱི་སྤྱིའི་ཡིག་ཆུང་གསུམ། སོ་སོའི་ ཡིག་ཆུང་གསུམ་སྟེ་དྲུག་གིས་བཅུ་གཅིག་པའི་བར་དུ་བརྗོད་ནས། བཅུ་གཉིས་པ་སྒྱུ་ལུས་ཀྱི་ཡན་ལག་བསྲེ་བའི་ཡིག་ཆུང་ལ་གཉིས། བསྲེ་བ་དགུའི་རྣམ་གཞག་དང། ཤིན་ཏུ་གཅེས་པའི་གདམས་ངག་ཟབ་མོའི་ཞལ་ཤེས་རྣམས་ཞིབ་ཏུ་བཤད་པའོ། ། [027A]༄༅། །དང་པོ་ལ་གཉིས། སྐུ་གསུམ་དུས་གསུམ་དང་སྦྱར་བ་དང། དུས་གསུམ་སྐུ་གསུམ་དང་སྦྱར་བའོ། །དང་པོ་ནི། བཅོམ་ལྡན་འདས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །བསྲེ་བའི་གདམས་ངག་ལ། ལམ་དུས་ཀྱི་སྐུ་གསུམ་ དང་བསྲེ་བ་ལ་གསུམ་སྟེ། འདི་ལྟར་ལམ་དུས་ཀྱི་ཆོས་སྐུ་དང་བསྲེ་བ་དང། ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་དང། ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ལ་གསུམ། གཉིད་སད་དུས་ཆོས་སྐུ་དང་བསྲེ་བ་དང། གཉིད་ཀྱི་དུས་ཆོས་སྐུ་དང་བསྲེ་བ་ འཆི་བའི་དུས་ཆོས་སྐུ་དང་བསྲེ་བའོ། །དང་པོ་ནི། དང་པོར་ལུས་ཀྱི་གནད་ཆེ་སར་གནད་དུ་བསྣུན་པ་ལ་བརྟེན་ནས་སྟོང་པ་བཞི་བསྐྱེད་པའི་འོད་གསལ་སྟོང་པ་བཞི་པ་ཤར་བའི་དུས་ན་ལྟ་ཐོག་ཏུ་བཞག་ནས་བསྒོམ་པ་ཡིན་ལ། གནད་དུ་བསྣུན་པ་ལ་ཡང་སྒོ་ གསུམ་སྟེ། འོག་སྒོར་ནོར་བུའི་དབུས་སམ། ནོར་བུའི་རྩེ་དྷཱུ་ཏཱིའི་མེར་སྣར་རྫས་ཀྱི་ཐིག་ལེ་ཕྲ་མོ་བསྒོམས་པ་ལ་བརྟེན་ནས་དེ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་པོ་སྔོན་དུ་ འཆར་ཞིང། དེའི་འོག་ཏུ་སྟོང་པ་དང། ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ཞེས་བྱ་བ། མིང་གཞན་སྣང་བ་དང། མཆེད་པ་དང། ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བའི་འོད་གསལ་ཆེན་པོ་ཤར་བ་ནི་སྒོ་དང་ པོའོ། །གཞན་ཡང་སྙིང་གའི་སྣ་རྩེར་མི་ཤིགས་པའི་སྔགས་ཀྱི་ཐིག་ལ་བསྒོམས་པ་ལ་བརྟེན་ནས། དེ་བརྟེན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་པོ་སྔོན་དུ་འཆར་ཞིང། དེའི་ [027B] ཤིན་ཏུ་སྟོང་པ་དང། སྟོང་པ་ཆེན་པོ་ཞེས་བྱ། མིང་གཞན་སྣང་བ་དང། མཆེད་པ་དང། ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བའི་འོད་གསལ་ཆེན་པོ་ཤར་བ་ནི་སྒོ་གཉིས་པའོ། །ཡང་གདོང་གི་སྣ་རྩེར་ འོད་ཀྱི་ཐིག་ལེ་ཞེས་བྱ་བ་རླུང་འོད་ཟེར་ལྔ་པ་སྣ་བུག་ནས་རྒྱུ་བའམ་འཇུག་ལྡང་གནས་གསུམ་མ་བཅོས་པ་རྡོ་རྗེ་གསུམ་གྱི་རང་གདངས་སུ་ཤར་བར་བསྒོམ་ཞིང། དེ་ཡང་དྷཱུ་ཏཱི་ནས་བྱེད་པར་མོས་པའི་རྡོ་རྗེའི་བཟླས་པ་བསྒོམས་པའི་མཐར། རོ་རྐྱང་གི་རླུང་དྷཱུ་ཏཱིར་ ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། དང་པོ་སྨིག་རྒྱུ་ལྟ་བུ་དང་གཉིས་པ་དུ་བ་ལྟ་བུ་དང། གསུམ་པ་མེ་ཁྱེར་ལྟ་བུ་དང། བཞི་པ་མར་མེ་འབར་བ་ལྟ་བུའི་ཉམས་འབྱུང་སྟེ། རིམ་པ་བཞིན་ས་ཆུ་ལ་ཐིམ་པ་དང། ཆུ་མེ་ལ་ཐིམ་པ་དང། མེ་རླུང་ལ་ཐིམ་ པ་དང། རླུང་རྣམ་ཤེས་ཀྱི་སྣང་བ་དང་པོ་ལ་ཐིམ་པ་ལས་འབྱུང་ངོ། །དེ་ནས་སྟོང་པ་དང་པོའི་དུས་སུ་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དཀར་ལམ་ ཀྱི་སྣང་བ་འབྱུང། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དམར་ལམ་གྱི་སྣང་བ་འབྱུང། དེ་ནས་སྣང་ བ་དེ་ཡང་རིམ་གྱིས་བསྡུས་ནས། སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་བ་ཐམས་ཅད་མཚན་མོ་སྲོད་ཀྱི་ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་ནག་ལམ་གྱི་སྣང་བ་འབྱུང། དེའི་སྟོད་སྨད་ལ་དྲན་པ་མི་ཉམས་ [028A]༄༅། །ཤིང། བར་དུ་རླུང་ཐིམ་པའི་མཐུས་དྲན་པ་ཆེས་ཉམས་པ་འབྱུང་ངོ། །དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་མཚན་མོ་ཐོ་རངས་ཀྱི་ནམ་མཁའ་ཟླ་ཉིའི་སྨག་གི་འོད་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་དུ་འོད་ གསལ་མཐའ་དབུས་མེད་པ་ཤིན་ཏུ་དྭངས་པའི་ཉམས་འཆར་རོ། །དེ་དག་གི་བཤད་པ་རྣམས་ཀྱི་སྔ་མ་རྣམས་ལའང་ཤེས་པར་བྱའོ་།དེ་ནི་སྒོ་གསུམ་པའོ།། ༈ །།གཉིས་པ་གཉིད་ཀྱི་དུས་ཆོས་སྐུ་དང་བསྲེ་བའི་ཚུལ་ནི་ གོང་གི་སྒོ་གསུམ་པོ་གང་རུང་ཞིག་གིས་སྟོང་པ་བཞི་དྲང་ནུས་པའི་མཚམས་ནས། མཚན་མོ་གཉིད་དུ་འགྲོ་ཁར་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང། རྡོ་རྗེ་བཟླས་པ་གཉིས་པོ་གང་རུང་ཉམས་སུ་བླངས་པ་ལ་བརྟེན་ནས་སྔར་བཤད་པའི་ རྟགས་བཞི་དང་སྟོང་པ་བཞི་འཆར་ཞིང། དེའི་མཐར་འོད་གསལ་ཤར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་བསྒོམ་པ་ཡིན་ཏེ། སྤྱིར་གཞི་དུས་ལ་གཉིད་དུ་འགྲོ་བའི་དུས་སུ་རླུང་སྙིང་གར་རང་ཤུགས་ཀྱིས་འདུས་པ་ལ་བརྟེན་ནས། སྟོང་པ་བཞི་འོད་ གསལ་སྤྱི་ཙམ་པ་ཞིག་འཆར་བ་ཡོད་ལ། དེ་ཤེས་ནས་གཉིད་ཀྱི་འོད་གསལ་འཛིན་པའི་མན་ངག་ཉམས་སུ་བླངས་ན། སྟོང་པ་བཞི་འཆར་བའི་གནད་ཡོད། དེ་ཡང་གཉིད་ཀྱི་དུས་སུ་རྨི་ལམ་མི་འཆར་བ་དང། ཤར་བའི་དུས་གཉིས་ལས། རྨི་ལམ་ མི་འཆར་བའི་དུས་སུ་གཉིད་ཀྱི་འོད་གསལ་འཛིན་པ་ཡིན་ལ། དེ་གཉིད་དུ་སོང་བའི་ཐུན་སྟོད་ཀྱི་སྐབས་ཡིན་ནོ། །གསུམ་པ་ནི། འཆི་བའི་དུས་སུ་འཆར་བའི་འོད་གསལ་ཆོས་སྐུ་དང་བསྲེ་བའི་ཚུལ་ནི་ད་ལྟར་གྱི་དུས་སུ་གཉིད་སད་དུས་དང་ [028B]དང་བསྲེ་བ་ཞིག་གིས་འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་དང་པོ་ཤར་བའི་དུས་སུ་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང། སྙིང་གའི་དྷཱུ་ཏཱིའི་དབུས་ནས་རླུང་ལྡང་འཇུག་ གནས་གསུམ་གྱི་རྡོ་རྗེའི་བཟླས་པ་བྱས་ན། གཞི་དུས་ཀྱི་འཆི་བའི་དུས་སུ་སྙིང་གར་རླུང་རང་ཤུགས་ཀྱིས་འདུ་བ་ཡོད་པའི་གནད་ཀྱིས་སྔར་བཤད་པའི་རྟགས་རྣམས་དང། སྟོང་པ་བཞི་སྔར་བཤད་པ་བཞིན་དུ་འཆར་ལ། དེ་ལ་འཆི་བའི་ཚེ་སྟོང་པ་བཞི་ རང་ཤུགས་ཀྱིས་འཆར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ་སྔར་གཉིད་སད་པ་དང། གཉིད་དུས་སུ་བསྒོམས་པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཅིང། དེ་གཉིས་ལས་འཆི་བའི་འོད་གསལ་གྱི་དུས་སུ་འདྲེས་པ་ལ་འོད་གསལ་མ་བུ་ འདྲེས་ཞེས་ཟེར་བ་ཡིན་ནོ། །གཉིས་པ་ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་ལ་གསུམ་སྟེ། །གཉིད་སད་དུས་ཀྱི་སྒྱུ་མའི་ལོངས་སྐུ་དང་བསྲེ་བ། །གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། འཆི་བ་འོད་གསལ་གྱི་མཐར་ བར་དོ་དངོས་སམ་བར་དོ་རྗེས་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བའོ། །དང་པོ་ནི། སྔར་བཤད་པའི་སྒོ་གང་རུང་ཞིག་གི་འོད་གསལ་གྱི་ཏིང་ངེ་འཛིན་སྐྱེས་པའི་རྗེས་ལ་འབད་པ་བསྐྱེད་ནས་འོད་གསལ་ལ་ཇི་ཙམ་གནས་སུ་མཉམ་པར་འཇོག། །སྤར་ རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ལས་སྐུ་དེར་དཀྲོང་ [029A]༄༅། །གིས་ལངས་ཏེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ཇི་ཙམ་གནས་ཀྱི་བར་མཉམ་པར་འཇོག་པའོ། །གཉིས་པ་གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་ཚེ་རྨི་ལམ་གྱི་སྒྱུ་ལུས་དང་བསྲེ་བ་ནི་སྔར་བཤད་པ་ལྟར་གྱི་གཉིད་ཀྱི་འོད་ གསལ་ཤར་བའི་ཚེ། འབད་ནས་ཇི་ཙམ་གནས་སུ་མཉམ་པར་བཞག་སྔར་རླུང་ཐིམ་པ་ལས་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་ཚེ་རྨི་ལམ་ཕལ་པ་གཞན་དུ་མ་ཤོར་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་ བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ལས་སྐུ་དེར་དཀྲོད་གིས་ལྔས་ཏེ་སྒྱུ་མའི་སྐུ་དེ་ལ་སེམས་གཟུང་ལ་ཇི་སྲིད་གནས་ཀྱི་བར་ལ་མཉམ་པར་འཇོག་པའོ། །གསུམ་པ་འཆི་བ་འོད་གསལ་གྱི་མཐར་ བར་དོ་དངོས་སམ་བར་དོ་རྗེས་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་འཆི་བའི་དུས་སུ་འོད་གསལ་མ་བུ་བསྲེས་ནས་འབད་དེ་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་ལ་མཉམ་པར་འཇོག་པའོ། །སྔར་རླུང་ཐིམ་པ་སླར་ལངས་པའི་ མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་བར་དོ་ཕལ་པའི་ལུས་སུ་མི་ལྡང་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་དུ་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ནས་སྐུ་དེར་དཀྲོང་གིས་ ལྡང་ངོ། །སྒྱུ་མའི་སྐུ་དེ་ལ་སེམས་གཟུང་སྟེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། །འདི་ལ་གཉིས་ཡོད་དེ། སྒྱུ་མའི་ལོངས་སྐུ་སྒོམ་པ་ཙམ་མིན་པར་གཞན་ལ་བར་དོ་འགྲུབ་པའི་སྐབས་སུ་རང་གི་ལུས་དོན་སྟེང་ནས་སྔར་བཤད་པའི་སྒྱུ་མའི་སྐུར་ [029B] །བར་དོར་མཆོག་འགྲུབ་པ་ཡིན་ནོ། །དེ་ལྟར་མ་ནུས་པར་བར་དོ་རང་དགའ་བའི་ལུས་བླངས་པ་ཡིན་ཀྱང། ཡིད་ཀྱི་ངོར་བར་དོའི་ལུས་ཐ་མལ་པའི་སྣང་བ་རེ་ཞིག་མི་འཆར་བར་དང་པོའི་མགོན་པོ་ཡབ་ཡུམ་དུ་ཤར་བའི་ལོངས་སྐུའི་བསྲེ་བ་བྱུང་ནའང་ཁྱད་ ཤིན་ཏུ་ཆེ་བ་ཡིན་ནོ། །གསུམ་པ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ལ་གསུམ་ལས་དང་པོ་གཉིད་སད་པའི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གཉིད་སད་དུས་ཀྱི་འོད་གསལ་གྱི་ངང་ལས་སྒྱུ་མའི་སྐུར་རྣམ་སྨིན་གྱི་ལུས་ལས་ལོགས་སུ་བྱེ་སྟེ་ སྒྱུ་མའི་ཏིང་ངེ་འཛིན་བསྒོམས་པའི་མཐར་རྣམ་སྨིན་གྱི་ཕུང་པོ་འདི་ལ་ཞུགས་ཏེ། རྣམ་སྨིན་གྱི་ཕུང་པོ་མི་བསྐྱོད་པར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པའོ། །འདི་ནི་འབྲས་བུའི་ལོངས་སྐུས་མ་དག་པའི་སེམས་ཅན་གྱི་མིག་ལམ་ དུ་མ་གྱུར་པ་དེའི་མཐུས། སྒྱུ་འཕྲུལ་ཆེན་མོ་ལྟ་བུའི་མངལ་དུ་ལུས་རགས་པའི་སྐྱེ་བ་བཟུང་ནས་སྤྲུལ་པའི་སྐུ་དེ་སེམས་ཅན་མ་དག་པས་ཀྱང་མཐོང་བ་དང་འདྲ་བར་ལམ་དུས་ཀྱི་སྒྱུ་མའི་ལོངས་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མི་མཐོང་བ་དེ་རགས་པའི་ ལུས་སུ་ཞུགས་ནས། དེས་བཟུང་བའི་མི་བསྐྱོད་པར་སྣང་བའི་རགས་པའི་ལུས་ཤའི་མིག་གི་ཡུལ་དུ་གྱུར་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་དུ་བཏགས་པ་དང། ཡང་སྒྱུ་མའི་ལོངས་སྐུ་དེས་རགས་པའི་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མཐོང་བར་ སྤྲུལ་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་བྱེད་པའོ། །གཉིས་པ་གཉིད་དུ་སོང་བའི་རྨི་ལམ་འཆར་བའི་དུས་སུ་རྨི་ལམ་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། སྔར་བཤད་པ་བཞིན་གཉིད་ཀྱི་འོད་གསལ་གྱི་ངང་ནས་ལོངས་སྐུར་ལངས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ [030A]༄༅། །བསྒོམས་པའི་མཐར་སྔར་གྱི་རྣམ་སྨིན་གྱི་ལུས་ལ་ཞུགས་ཏེ་སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་དང། ལོངས་སྐུ་དེ་རགས་པའི་སྤྲུལ་སྐུར་སྤྲུལ་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་བ་དེའི་གོ་དོན་སྔར་བཤད་པ་ལྟར་རོ། ། གསུམ་པ་འཆི་བ་འོད་གསལ་གྱི་མཐར་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། འཆི་བའི་འོད་གསལ་སྔར་ལྟར་བསྒོམས་པ་ཞིག་གིས་འཆི་བའི་འོད་གསལ་གྱི་མཐར་ལོངས་སྐུར་ལངས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་རྗེས་སུ་གང་འདོད་པའི་སྐྱེ་གནས་ཁྱད་ པར་ཅན་དུ་སྐྱེ་བའི་འཕེན་པ་བཏང་ནས། སྐྱེ་གནས་གང་ཡིན་པ་དེར་བར་དོར་ཤི་བའི་སྟོང་པ་བཞི་སྔར་བསྒོམས་པའི་ལམ་དང་བསྲེས་ནས་སྐྱེ་བ་ལེན་པ་ལ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ་དེའི་དོན་ཡང་གོང་ལྟར་རོ། །དེ་ལྟར་སྔར་བཤད་པ་ལྟར་གྱི་རླུང་གི་ནུས་ པ་ཐོབ་ན་ཤིན་ཏུ་ལེགས་པས་དེ་ལྟར་བྱ་ལ། དེ་ལྟ་བུ་མ་ཐོབ་ནའང་ད་ལྟར་གྱི་དུས་སུ་འཆི་བའི་དུས་ཀྱི་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ཡིད་ལ་དྲན་པ་བྱ་སྟེ། ཡང་ཡང་བསྒོམ་པར་བྱ་ཞིང། འོད་གསལ་གྱི་མཐར་བར་དོ་འགྲུབ་པའི་དུས་སུ་བར་དོ་ ལོངས་སྐུར་ལྡང་བ་སོགས་ཡང་དང་ཡང་དུ་བསྒོམ་པར་བྱ་ཞིང་ད་གཟོད་འཆི་བའི་དུས་ཀྱི་ཆེ་རྟགས་བཞི་དང། སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་ལ་སོགས་པ་ཁྱད་པར་ཤིན་ཏུ་ཆེ་བར་མངོན་ནོ། །འདི་ནི་བསྲེ་བའི་མན་ངག་གི་གནད་བསྡུས་པའི་ ཡིག་ཆུང་མཁས་གྲུབ་རྗེས་ཟིན་བྲིས་མཛད་པའོ།། ༈ །།གཉིས་པ་ནི་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་བསྲེ་བ་དགུའི་གདམས་པ་སྟོན་པར་བྱེད་པ་ལ་དོན་གསུམ་སྟེ། སད་དུས་སུ་སྐུ་གསུམ་དང་བསྲེ་བ་ [030B] འཆི་དུས་སུ་སྐུ་གསུམ་དང་བསྲེ་བའོ། །དང་པོ་ལ་གསུམ། སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བའོ། །དང་ པོ་ནི། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་བརྟེན་ནས། རླུང་སྙིང་གའི་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། སྨིག་རྒྱུ་དང་དུ་བ་ལ་སོགས་པའི་རྟགས་རྣམས་འཆར་ཞིང། དེའི་རྗེས་སུ་སྣང་བ་མཆེད་པ་ཉེར་ཐོབ་འོད་གསལ་རྣམས་འཆར་ལ་ དེ་རྣམས་ཀྱི་དུས་སུ་ལྟ་བ་དྲན་པར་བྱེད་ཅིང། ཁྱད་པར་འོད་གསལ་གྱི་དུས་སུ་བདེ་སྟོང་དབྱེར་མེད་སྦྱར་ནས་སྒོམ་པར་བྱེད་པ་ནི། སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བར་བྱེད་པ་ཡིན་ནོ་།གཉིས་པ་ནི། གོང་དུ་བཤད་པ་ལྟར་གྱི་འོད་གསལ་ཆོས་སྐུ་ དང་བསྲེས་པ་དེ་ལས་ལྡང་བར་རྩོམ་པ་ན། ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་སྒྱུ་ལུས་དེ་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་བྱེ་སྟེ། གསང་འདུས་ཀྱི་སྐབས་སུ་ཡིན་ན། ལོངས་སྐུ་དང་པོའི་མགོན་པོ་འཇའ་ཚོན་ལྟ་བུའི་སྐུར་སྐད་ ཅིག་གིས་ལྡང་བ་ནི་སད་དུས་ཀྱི་སྒྱུ་མ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། །གསུམ་པ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་མའི་སྐུ་ལས་ལྡང་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་འདི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་སྐུར་ལྡང་བ་གོང་དུ་བཤད་པ་ལྟར་གྱི་ཤིན་ཏུ་ ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་དེ་སྤྲུལ་སྐུའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པའི་སྤྲུལ་སྐུར་ལྡང་བ་ནི། སད་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་སྟེ་དེ་ལྟར་ན་སད་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། །གཉིས་པ་ [031A]༄༅། །གཉིད་དུས་ཀྱི་བསྲེ་བ་ལ་གསུམ། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། རྨི་ལམ་ལོངས་སྐུ་དང་བསྲེ་བ། སད་པ་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ནི། སད་དུས་ཀྱི་སྙིང་གར་ཞུགས་གནས་ཐིམ་གསུམ་བྱེད་པ་ལ་གོམས་ པའི་གང་ཟག་གིས་གཉིད་དུ་འགྲོ་ཁར་རླུང་སྡུད་པའི་དམིགས་པ་བྱས་པས་གཉིད་དུ་འགྲོ་བའི་ཚེ་ཡན་ལག་གི་རླུང་རྣམས་རང་ཤུགས་ཀྱིས་སྙིང་གར་འདུ་བས་འདུ་ཚབས་གཞན་ལས་ཆེ་བ་ཞིག་འོང་ཞིང་དེའི་སྟོབས་ཀྱིས་གཉིད་དུ་འགྲོ་བ་ན་སྣང་མཆེད་ ཐོབ་གསུམ་འོད་གསལ་དང་བཅས་པ་ཡོངས་སུ་རྫོགས་པར་འཆར་ལ། དེ་དག་གི་འོད་གསལ་གྱི་དུས་སུ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་དེའི་འོད་གསལ་ལ་ཅི་ཙམ་གནས་ཀྱི་བར་འཇོག་པ་ནི། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བའོ། །གཉིས་ པ་ནི། གོང་དུ་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ལས་ལྡང་བར་རྩོམ་པ་ན་རྨི་ལམ་འཆར་བས་དེའི་དུས་སུ་རྨི་ལམ་གྱི་ལུས་དེ་རྣམ་སྨིན་གྱི་ལུས་ལས་ལོགས་སུ་བྱེ་སྟེ། ལོངས་སྐུ་དང་པོའི་མགོན་པོ་འཇའ་ཚོན་ལྟ་བུའི་སྐུར་སྐད་ཅིག་གིས་ལངས་ཏེ་ ཇི་ཙམ་གནས་ཀྱི་བར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་རྨི་ལམ་ལོངས་སྐུ་དང་བསྲེ་བའོ། །གསུམ་པ་ནི་གོང་དུ་བཤད་པ་ལྟར་གྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་ལྡང་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དང་ རྡོ་རྗེ་འཆང་གང་རུང་གི་སྐུར་བསྒོམས་ལ། དེའི་ཐུགས་ཀར་རྨི་ལམ་གྱི་ལོངས་སྐུ་དེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པར་བསྒོམས་པའི་སྤྲུལ་སྐུར་ལྡང་བ་ནི། སད་པ་སྤྲུལ་སྐུ་དང་བསྲེ་བའོ། །དེ་ལྟར་གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། ། [031B]འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ནི། འཛམ་བུ་གླིང་པའི་མི་ཁམས་དྲུག་ལྡན་ཞིག་རིམ་གྱིས་འཆི་བའི་ཚེ་སྙིང་གར་རང་ ཤུགས་ཀྱིས་རླུང་རྣམས་འདུ་བའི་སྟོབས་ཀྱིས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཡོངས་སུ་རྫོགས་པར་འཆར་ཞིང། དུས་དེར་འཆར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྙིང་ག་ལ་སོགས་པའི་གནས་རྣམས་སུ་གནད་དུ་བསྣུན་པ་ལ་ བརྟེན་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ནི་བུའི་འོད་གསལ་ཡིན་ཅིང། འཆི་བའི་ཚེ་རླུང་སྡུད་པར་རྩོམ་པ་ན་སྙིང་གའི་སྡུད་རིམ་ལེགས་པར་བསྒོམས་ཏེ་འོད་གསལ་མ་བུ་ལེགས་པར་བསྲ་བའི་འོད་གསལ་ཤར་བའི་ཚེ་ལྟ་ཐོག་ཏུ་ ལེགས་པར་བཞག་སྟེ། དེའི་འོད་གསལ་ཇི་ཙམ་གནས་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ནི། འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བའོ། །གཉིས་པ་ནི། གོང་དུ་བཤད་པ་ལྟར་གྱི་འཆི་བའི་འོད་གསལ་དེ་ལས་ལངས་ནས་བར་དོ་འཆར་བར་རྩོམ་པ་ ན། བར་དོའི་ལུས་དེ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་དང་པོའི་མགོན་པོའམ་རྡོ་རྗེ་འཆང་གང་རུང་གི་སྐུ་འཇའ་ཚོན་ལྟ་བུའི་སྐུར་ལྡང་བར་བྱའོ། །འདི་ཐ་མལ་པ་ལ་བར་དོ་རང་དགའ་བ་འོང་བའི་དོད་ལ་སྒྱུ་མའི་ལོངས་སྤྱོད་རྫོགས་ སྐུར་ལྡང་བ་ཡིན་པས། དེ་ནི་བར་དོ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། །གསུམ་པ་ནི། མངལ་དུ་སྐྱེ་བ་ལེན་པར་རྩོམ་པ་ན་སྐྱེ་བ་ལེན་རྒྱུའི་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་སྐུར་བསྒོམས་པའི་དབུས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་ [032A]༄༅། །ཙམ་ལས་གྲུབ་པའི་ལོངས་སྐུ་དེ་ཉིད་བཞུགས་པར་བསྒོམ་སྟེ། སྐྱེ་གནས་སུ་སྐྱེ་བ་ལེན་པ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཡིན་ཏེ། དེ་ལྟར་འཆི་བའི་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། །དེ་ལྟར་བསྲེ་བ་རྣམས་ཀྱི་སྐབས་སུ་ལོངས་ སྐུ་དང་པོའི་མགོན་པོར་ལྡང་བའི་དགོས་པ་ནི། བསྐྱེད་རིམ་གྱི་སྐབས་ཀྱི་བར་དོའི་སྦྱོང་བྱེད་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་དང་པོའི་མགོན་པོ་ཡིན་ནོ། །བསྐྱེད་རིམ་གྱི་སྐབས་ཀྱི་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་ཁྱེར་དང། སྐྱེ་བ་སྦྱོང་བྱེད་ སྤྲུལ་སྐུ་རྡོར་སེམས་ཡིན་པས་སྤྲུལ་སྐུ་དང་བསྲེ་བའི་རྡོ་རྗེ་སེམས་དཔའི་སྐུར་ལྡང་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་པར་ཤེས་པར་བྱའོ། །བསྲེ་བ་སྐོར་དགུའི་གདམས་པ་འདི། །དམ་ཚིག་སྡོམ་པ་ལྡན་པ་ཡི། །སྐལ་ལྡན་སློབ་མ་མ་གཏོགས་པ། ། དེ་ལས་གཞན་དུ་ཅུང་ཟད་ཙམ། །བསྟན་ཅིང་སྦྱིན་པར་བྱ་བ་མིན་།དེ་བས་སྙིང་ལྟར་གཅེས་པར་བཟུང། ། དེ་ལྟར་བསྲེ་བ་སྐོར་དགུའི་གདམས་པའི་ཡིག་ཆུང་གསལ་བར་མཁས་གྲུབ་རྗེས་མཛད་པའོ།། །།།གཉིས་པ་ཤིན་ཏུ་གཅེས་ པའི་གདམས་ངག་ཟབ་མོ་ཞལ་བཞེས་རྣམས་ཞིབ་ཏུ་བཤད་པ་ལ་གཉིས། རྒྱས་པར་བཤད་པ་དང། དེའི་དོན་བསྡུས་པའོ། །དང་པོ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པ་ ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། །རྡོ་རྗེ་འཆང་དབང་ཐུགས་ཀྱི་བང་མཛོད་ལས། །མངོན་པར་དབང་བསྐུར་དཔལ་ལྡན་བླ་མའི་ཞབས། །སྙིང་ནས་འདུད་དོ་ཐུགས་རྗེའི་ [032B] །བདག་དང་དམ་ཚིག་ལྡན་པའི་སློབ་མ་རྣམས། །འཇིགས་རུང་འཁོར་བའི་བཙོན་ར་ལས་བསྒྲལ་ནས། །བདེ་ཆེན་ཐར་པའི་གནས་སུ་དྲང་དུ་གསོལ། །འདིར་རྒྱུད་སྡེ་བླ་ན་མེད་པའི་དགོངས་པའི་གནད་མཐར་ཐུག་པ། རྡོ་རྗེ་འཆང་ཆེན་པོའི་ ཐུགས་ཀྱི་བཅུད་ཕྱུང་བ། གྲུབ་ཆེན་རྣམས་ཀྱི་ཉེ་ལམ། རྣལ་འབྱོར་པའི་བློའི་གདེང་འཆའ་ས། བསྲེ་བ་སྐོར་གསུམ་གྱི་གདམས་ངག་དཔལ་ལྡན་བླ་མ་དམ་པའི་ཞལ་གྱི་བདུད་རྩི་ཉམས་ཀྱིས་དོགས་ནས་གནད་བསྒྲིལ་ནས་བརྗོད་པར་བྱ་སྟེ། དེ་ཡང་ཚེ་ འདིའི་ལུས་འགྲུབ་པ་ན་བར་དོའི་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་ཕ་མའི་ཁུ་ཁྲག་གི་དྭངས་མ་གཉིས་ཀྱི་དབུས་སུ་འཇུག་ཅིང། དེ་ནས་ཁུ་ཁྲག་གིས་དྭངས་མ་གཉིས་ཀྱི་དབུས་ན་ཤིན་ཏུ་ཕྲ་བའི་རླུང་སེམས་བཅུག་པ་དེ་སྙིང་གའི་དབུ་མའི་ནང་དུ་བཅུག་ནས་ སྙིང་གའི་རྩ་འཁོར་ཆགས་ཤིང། དེ་ནས་རྩ་ཡར་མར་དུ་གྱེས་པའི་ནང་ནས་རྒྱུ་བའི་རླུང་རགས་པ་རྣམས་དང། དེ་ལ་ཞོན་པའི་རང་བཞིན་བརྒྱད་ཅུའི་རྟོག་པ་རགས་པ་རྣམས་སྐྱེ་ལ། དེའི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱིས་བྱ་བ་མི་བྱེད་ཅིང། འཆི་བའི་ ཚེ་སའི་ཁམས་ཐིམ་པ་ན་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར་དེའི་རྗེས་སུ་ཆུའི་ཁམས་ཐིམ་པ་ན་དུ་བ་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་མའི་ཁམས་ཐིམ་པ་ན་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་རླུང་རགས་པ་ཐིམ་འགྲོ་བ་ན་མར་མེ་ འབར་བ་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་རང་བཞིན་གྱི་རྟོག་པའི་བཞོན་པར་གྱུར་པའི་རླུང་རགས་པ་འདི་དབུ་མའི་ནང་དུ་ཐིམ་པ་ན། ཁ་དང་སྣ་བུག་ནས་རྒྱུ་བ་འགགས་འགྲོ་ཞིང། ཕྱི་དབུགས་ཆད་པ་ཞེས་ཟེར། དེའི་ཚེ་མིག་གིས་གཟུགས་མི་ [033A]༄༅། །མཐོང། རྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེས་རོ་མི་མྱོང། ལུས་ཀྱིས་རེག་བྱ་མི་ཚོར་ཞིང། ཡིད་ངོར་སྟོན་གྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་གྱི་སྣང་བ་འཆར། དེ་ ལ་སྣང་བ་ཞེས་ཟེར། དེའི་རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ལ། ཉི་མའི་འོད་ཀྱིས་ཁྱབ་པ་ལྟ་བུའི་དམར་ལམ་གྱི་སྣང་བ་འཆར། དེ་ལ་མཆེད་པ་ཞེས་ཟེར། དེའི་རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ལ་ མཚམས་ཀྱི་མུན་པས་ཁྱབ་པ་ལྟ་བུའི་ནག་ལམ་གྱི་སྣང་བ་འཆར་བ་དེ་ཉིད་ཉེར་ཐོབ་ཀྱི་སྟོད་ཡིན། དེ་ནས་བརྒྱལ་བ་ལྟ་བུའི་དྲན་མེད་དུ་སོང་བ་དེ་ཉིད་ཉེར་ཐོབ་ཀྱི་སྨད་ཡིན། སྣང་བ་མཆེད་པ་ཉེར་ཐོབ་གསུམ་གའི་སྐབས་སུ་རྟོག་པ་གཞན་ཕྱི་རོལ་ གྱི་ཡུལ་གང་ལ་ཡང་མི་འཕྲོ་བ་ཞིག་འོང། དེའི་རྗེས་སུ་བརྒྱལ་བ་ལྟ་བུའི་ངང་ནས་དྲན་པ་རྙེད་པ་ན། སྟོན་གྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་འབའ་ཞིག་མ་གཏོགས་གཞན་གང་གིའང་སྣང་བ་ནུབ་པ་ཞིག་འོང་བ་དེ་ལ་འཆི་བ་འོད་ གསལ་ཞེས་ཟེར། དེ་ལ་ཐ་མལ་པའི་མི་རྣམས་ཞག་གསུམ་གྱི་བར་དུ་གནས་དེ་ནས་རྟགས་འོང། ལུས་ནད་ཀྱིས་ལེགས་པར་མནར་ནས་ཟུངས་ཟད་དྲགས་པ་ལ་ཞག་དུ་མ་སོང་ཡང་དྲི་མ་འོང་བ་མ་གཏོགས་ཁམས་དཀར་དམར་གྱི་རྟགས་ མི་ཡོང་བ་ཡང་སྲིད། རྣལ་འབྱོར་པས་འོད་གསལ་ལ་ཇི་ཙམ་འཇོག་ནུས་ཀྱི་བར་དུ་ཆོས་སྐུ་དང་བསྲེས་ནས་འཇོག་པ་ལ། རྟོགས་པ་མཐོ་དམའི་དབང་གིས་འཇོག་པའི་ཞག་གྲངས་མང་ཉུང་སྣ་ཚོགས་འབྱུང། དེ་ནས་ཐ་མལ་པ་འཆི་བ་འོད་ [033B] སེམས་ཅུང་ཟད་གཡོ་བར་རྩོམ་པ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་སྙིང་གའི་ཁམས་དཀར་དམར་གྱི་དབུས་ནས་ཐོན་ནས་ལུས་འདི་བོར་ཏེ། བར་དོའི་ལུས་སུ་གྲུབ་པ་ཡིན། དེ་དང་དུས་མཉམ་དུ་སྙིང་གའི་ ཁམས་དཀར་པོ་ཐུར་དུ་བབས་ནས་རྟགས་ཀྱི་རྩེར་ཕྱིར་འབྱུང་ཁམས་དམར་པོ་གྱེན་དུ་སོང་ནས་སྟེང་གི་སྣ་སྒོ་ནས་ཕྱིར་འབྱུང། དེའི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་བར་དེའི་ལུས་སུ་གྲུབ་པ་དང་དུས་མཉམ་དུ་དང་པོ་ཉེར་ཐོབ་ཀྱི་སྣང་བ་ནག་ལམ་པ་དེ་ འཆར། དེའི་རྗེས་སུ་མཆེད་པའི་སྣང་བ་དམར་ལམ་པ་དེ་འཆར་དེའི་རྗེས་སུ་སྣང་བ་དཀར་ལམ་པ་དེ་འཆར། དེའི་རྗེས་སུ་རྟོག་པ་རགས་པ་གཡོས་ནས་བར་དེའི་གནས་སྐབས་ཀྱི་ཡུལ་སྣ་ཚོགས་ཀྱི་སྣང་བ་ཤར་ནས་ཡིད་དུ་འོང་མི་འོང་གི་ཆགས་སྡང་ གི་རྟོག་པ་སྣ་ཚོགས་འབྱུང། དེ་ནས་དྲི་དང་སྐྱེ་གནས་འཚེལ་བ་ལ་རྒྱུག་ཅིང། དེའི་ཚེ་ཕ་མ་ཉལ་པོ་བྱེད་པ་མཐོང་ནས། ཕོར་སྐྱེ་བ་ཡིན་ན་མ་ལ་ཆགས་པའི་དབང་གིས་འཁྱུད་པའི་སྣང་བ་འབྱུང། མོར་སྐྱེ་བ་ཡིན་ན་ཕ་ལ་ཆགས་པའི་དབང་གིས་ འཁྱུད་པའི་སྣང་བ་འབྱུང་ཞིང། འཁྱུད་པ་ན་ལས་ཀྱི་དབང་གིས་ཕ་མའི་ལུས་མི་མངོན་པར་མཚན་མ་ཙམ་ཞིག་མཐོང་ལ། དེ་ལ་ཞེ་སྡང་སྐྱེས་པས་འཆི་རྐྱེན་བྱས་ནས་བར་དོ་ཤི་བའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་སྔར་ལུས་རགས་ པ་འདི་འདོར་བའི་སྐབས་སུ་འབྱུང་ཚུལ་བཤད་པ་རྣམས་དང་འདྲ་བ་ལ་དེ་ལས་ཡུན་ཐུང་བ་རེ་འཆར། བར་དོ་ཤི་བའི་འོད་གསལ་དེ་ལས་སེམས་གཞན་དུ་འཕྲོ་བ་དང་དུས་མཉམ་དུ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཕ་མའི་ཁུ་ཁྲག་གི་དྭངས་མ་གཉིས་ [034A]༄༅། །ཀྱི་དབུས་སུ་ཞུགས་པའི་ཚེ་ཡིད་ངོར་ཉེར་ཐོབ་ཀྱི་སྣང་བ་འཆར། དེ་ནས་སེམས་ཅུང་ཟད་རགས་སུ་སོང་ནས་མཆེད་པའི་སྣང་བ་འཆར། དེ་ནས་སེམས་ཅུང་ཟད་རགས་སུ་སོང་ནས་སྣང་བའི་སྐབས་ཀྱི་དཀར་ལམ་འཆར། དེ་ནས་ ཁུ་ཁྲག་ཕལ་པ་རྣམས་ལས་རྩ་ཁམས་རྣམས་འགྲུབ་པ་དང། རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེ་ཚུལ་སྔར་བཤད་པ་ལྟར་ཡིན་ནོ་།དེ་ལྟར་གཞི་དུས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འབྱུང་ཚུལ་དང། བར་དོ་འགྲུབ་ཚུལ། སྐྱེ་བ་ ལེན་ཚུལ་རྣམས་ལེགས་པར་མ་གོ་ན་བསྲེ་བའི་གཞི་གཏོར་བས་ཅུང་ཟད་ཅིག་ཞིབ་པར་བརྗོད་དོ། །ལམ་དུས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འབྱུང་ཚུལ་ནི། འདིར་རྫོགས་རིམ་གྱི་དམིགས་པ་ཕལ་ཆེར་རླུང་དབུ་མར་ཞུགས་ གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་བསྐྱེད་པ་དང། དེ་ལ་བརྟེན་ནས་སྒྱུ་ལུས་དང་སྐབས་གཞན་དུ་སྟོང་གཟུགས་ཀྱི་སྐུ་བསྒྲུབ་པའི་ཕྱིར་ཡིན་ལ་རླུང་དབུ་མར་འཇུག་པའི་ཐབས་ལ་ཕྱིའི་ རྐྱེན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འཇུག་པ་དང། ནང་གི་རྐྱེན་རང་གི་ལུས་ལ་དམིགས་པའི་གནད་དུ་བསྣུན་པ་ལས་འཇུག་པའི་ཐབས་གཉིས་ལས། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འཇུག་པའི་ཚུལ་ལ་ཕྱག་རྒྱའི་མཚན་ཉིད་བརྟག་ཐབས། དེ་འཁོར་ བ་ལ་ཞེན་པ་ལོག་ནས་ཐར་པ་ཐོབ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་བསྐྱེད་དེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད། དབང་བསྐུར་དམ་ཚིག་དང་ལྡན་པ་ལ་གདམས་ངག་གི་གནད་རྣམས་ལེགས་པར་བསླབས་ནས། བསྟེན་པའི་ཐབས་ [034B]ཤེས་ན་ལམ་བགྲོད་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཀྱང། གནད་ཅུང་ཟད་འཕྱུགས་ཤིང། ཡན་ལག་མ་ཚང་ན་ཐར་མེད་ཀྱི་དམྱལ་བར་འཕེན་པས། གདམས་ངག་གི་གནད་ཡིག་ ཆུང་ལོགས་སུ་བཀོད་པ་ལས་ཤེས་དགོས་སོ། །རང་གི་ལུས་ལ་དམིགས་པའི་གནད་དུ་བསྣུན་པ་ལ་བརྟེན་ནས་རླུང་དབུ་མར་འཇུག་པའི་ཐབས་ལ། རྨི་ལམ་རྨི་ལམ་དུ་ངོ་ཤེས་པའི་མན་ངག་གིས་རླུང་དབུ་མར་བཅུག་ནས་འོད་གསལ་འཛིན་པའི་ཐབས་རྗེ་ ཉིད་ཀྱི་ཁྲིད་ཡིག་ཏུ་གསལ་བར་བཀོད་པའི་སྙིང་གའི་སྔགས་འཁོར་གསུམ་གསལ་བཏབ་ནས་སྡུད་རིམ་བསྒོམ་པ་དང། རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་སྒོམ་ཚུལ་ཙམ་མིན་པའི་བཙན་ཐབས་སུ་རླུང་སེམས་དབུ་མར་སྡུད་པའི་མན་ངག་ཚོགས་ ཆུང་ལ་འགྲུབ་སླ་བའི་ཞལ་ཤེས་གཞན་ཡང་ཡོད་དོ། །ཉིན་པར་དམིགས་པས་གནད་དུ་བསྣུན་ནས་རླུང་དབུ་མར་འཇུག་ཐབས་རྒྱས་པར་རྗེ་ཉིད་ཀྱི་ཁྲིད་ཡིག་རྣམས་ནས་གསལ་བ་ལྟར་རྩ་དབུ་མའི་ཡར་སྣ་མར་སྣ་གཉིས་གཉིས་དང། དབུ་མ་ལ་རེ་རྐྱང་གི་ མདུད་པས་བསྡམས་པའི་མཚམས་ནས་རྩ་འདབ་གྱེས་པའི་རྩ་འཁོར་གཙོ་བོ་དྲུག་སྟེ། དེ་ཡང་སྤྱི་བོ། མགྲིན་པ། སྙིང་ག་ལྟེ་བ་གསང་གནས། ནོར་བུའི་དབུས་ཀྱི་རྩ་འཁོར་རྣམས་སོ། །དེ་དག་གི་ལྟེ་བ་རྣམས་སུ་དམིགས་པ་ལེགས་པར་ གཏད་པས་སེམས་ལེགས་པར་ཟིན་པ་ན། རླུང་སེམས་འཇུག་པ་གཅིག་པས་དེར་རླུང་འདུས་ནས་ཐིམ་པ་ལ་བརྟེན་ནས། སྨིག་རྒྱུ། དུ་བ། མཁའ་སྣང། མེ་ཁྱེར། མར་མེ་འབར་བ། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་སྔར་འཆི་ [035A]༄༅། །དུས་སུ་འབྱུང་བར་བཤད་པ་རྣམས་དང། གསལ་མི་གསལ་སོགས་ཇི་ལྟ་བ་བཞིན་འདྲ་བ་དང་པོ་ཉིད་ནས་མི་འབྱུང་ཡང་དེ་རྣམས་འཆི་དུས་ཀྱི་དེ་རྣམས་དང་རྣམ་པ་འདྲ་བ་ཙམ་དང། སྨིག་རྒྱུ་ནས་འོད་གསལ་གྱི་བར་གོ་རིམས་ འདྲ་བ་འབྱུང་ལ། རླུང་དབུ་མར་འཇུག་པ་ཡང་ཡང་བསྒོམས་པས་རླུང་དབུ་མར་འདུ་བ་དང། ཐིམ་པ་ཕུལ་ཇེ་ཆེར་སོང་བ་ཙམ་གྱིས་རྟོག་པ་རགས་པ་འགགས་པའང་ཕུལ་ཇེ་ཆེར་སོང་ནས་རྫོགས་རིམ་གྱི་རྟོགས་པ་མཐོན་པོར་སོང་བའི་ཚེ། སྙིང་གའི་རྩ་མདུད་ མ་ལུས་པ་གྲོལ་བའི་མཚམས་ནས། ཕྱག་རྒྱ་ལ་བརྟེན་པ་དང་བསམ་གཏན་གཉིས་བསྒོམས་པས། སྣང་བ། མཆེད་པ། ཉེར་ཐོབ། འོད་གསལ་རྣམས་སྔར་བཤད་པའི་འཆི་དུས་ཀྱི་ཇི་ལྟ་བ་བཞིན་འབྱུང་ལ། དེ་ཙམ་ནས་ལས་ཀྱི་ཕྱག་རྒྱ་ལ་མ་ བརྟེན་ན་ཚེ་འདིར་འཆི་དུས་ཀྱི་འོད་གསལ་དང་རྣམ་པ་ཇི་ལྟ་བ་བཞིན་མཚུངས་པ་མི་འབྱུང་ངོ། །རླུང་དབུ་མར་ཐིམ་པའི་སྣང་མཆེད་ཐོབ་གསུམ་འོད་གསལ་རྣམས་ཇི་ཙམ་སྟོབས་ཆེ་བ་ཙམ་གྱིས་དེ་ཆོས་སྐུ་དང་བསྲེ་བའི་བདེ་སྟོང་གི་ཡེ་ཤེས་སྟོབས་ཆེ་ སྣང་མཆེད་ཐོབ་གསུམ་འོད་གསལ་རྣམས་གཞི་ལམ་གྱི་སྐབས་སུ་འབྱུང་ཚུལ་ལེགས་པར་མ་གོ་ན་བསྲེ་བའི་གཞི་གཏོར་ནས་ཤེས་མི་ནུས་པས། རྗེ་ཡབ་སྲས་ཀྱི་གསུང་རབ་ན་རྒྱས་པར་ཡོད་པ་རྣམས་ཉུང་ངུར་དྲིལ། གསུང་རབ་ན་མི་གསལ་བའི་ ཚུལ་གྱིས་རྟོགས་དཀའ་བར་ཡོད་པ་རྣམས་གསལ་བར་སྟོན་ནས་གཞི་ལམ་གྱི་རྣམ་གཞག་གལ་ཆེ་བ་རྣམས་རྟོགས་སླ་བར་བརྗོད་པ་ཡིན་ནོ་།དེ་ལྟར་བཞི་ལམ་གྱི་སྐབས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་སོགས་ཤར་བ་ན་སྐུ་གསུམ་དང་ [035B] དེ་ཡང་བསྡུས་ན་ཆོས་སྐུ་དང་བསྲེ་བ། ལོངས་སྐུ་དང་བསྲེ་བ། སྤྲུལ་སྐུ་དང་བསྲེ་བ་གསུམ་དུ་འདུས་པས་བསྲེ་བ་གསུམ་ཞེས་ཟེར། སོ་སོར་ཕྱེ་ན་འཆི་རྟགས་མ་ཤར་གོང་གི་ཚེ་འདིའི་ཉིན་པར་གྱི་ལམ་དུས་སུ་སྐུ་ གསུམ་དང་བསྲེ་བ་གསུམ། གཉིད་ཀྱི་གནས་སྐབས་སུ་སྐུ་གསུམ་དང་བསྲེ་བ་གསུམ། དེ་ལྟར་གོམས་པ་ལ་བརྟེན་ནས་འཆི་དུས་སུ་སྐུ་གསུམ་དང་བསྲེ་བ་གསུམ་རྣམས་སུ་འགྱུར་བས་བསྲེ་བ་དགུའི་གདམས་པ་ཞེས་ཀྱང་བྱའོ། །དང་པོ་ལ་ལམ་དུས་ཀྱི་སྐུ་ གསུམ་དང་བསྲེ་བའི་ཚུལ་ནི། གོང་དུ་བཤད་པའི་ཐབས་རྣམས་ལ་བརྟེན་ནས་རླུང་དབུ་མར་འཇུག་ནུས་པའི་གང་ཟག་གིས་ཕྱི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའམ་རྨི་ལམ་ཟིན་ནས་འོད་གསལ་བཙན་ཐབས་སུ་འཛིན་པའི་གདམས་པའམ། ཉིན་པར་རྩ་དབུ་ མའི་གནས་རྣམས་སུ་དམིགས་པ་གཏོད་པའི་གདམས་པ་རྣམས་གང་ཡང་རུང་བ་ཉམས་སུ་བླངས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ན། སྔར་བཤད་པ་ལྟར་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་ཞིང། དེ་དང་དུས་ མཉམ་དུ་རླུང་དབུ་མའི་ནང་དུ་ཞུགས་པའི་དྲེད་འབར་བའི་སྟོབས་ཀྱིས་སྤྱི་བོ་ནས་བྱང་སེམས་དཀར་པོ་ཞུ་བ་དབུ་མའི་ནང་ནས་བབས་པ་ན་སེམས་བདེ་བའི་ངོ་བོར་མེར་གྱིས་འགྲོ་བས། དེས་སྔར་ནས་ལྟ་བ་ཕུ་ཐག་ཆོད་པ་བཅོལ་བ་དེའི་སྟེང་དུ་འཇོག་གོ་ དེ་འཇོག་ཚུལ་ལ་ཁ་ཅིག་བདེ་བའི་ངོ་བོ་ལ་ཆེར་བལྟས་པས་གང་དུའང་བཟུང་དུ་མེད་པར་སོང་བ་ན། དེའི་སྟེང་དུ་འཇོག་པ་ཡིན་ཟེར་བ་དང། ད་ལྟར་བྱས་པས་བདེ་བ་ལ་ཞེན་པ་ཁེགས་ཀྱི་མ་བྱས་ན། ཞེན་པ་སྐྱེ་ཟེར་བ་ནི་བླ་མེད་ཀྱི་ལམ་གྱི་བདེ་སྟོང་ [036A]༄༅། །སྦྱོར་བའི་གནད་མ་གོ་བའི་ཕྱིན་ཅི་ལོག་ཡིན་པས་མི་རུང་སྟེ། བདེ་བ་རང་ཡལ་ལ་གཏོང་བ་ཡིན་ན་དང་པོ་ནས་བདེ་བ་ལ་འབད་པས་བསྒྲུབ་དོན་མེད་ཅིང། བདེ་བ་ལ་ཞེན་པ་སྐྱེ་ཟེར་བ་ཡང་བདེ་སྟོང་སྦྱོར་ཚུལ་གྱི་གནད་མ་རྟོགས་ པའི་རྟགས་ཡིན་ནོ། །དེས་ན་ཕྱི་ནང་གི་རྟགས་ལ་བརྟེན་ནས་ཡིད་ཀྱི་ཤེས་པ་བདེ་བའི་ངོ་བོར་མེར་སོང་བ་དེས་ཆོས་ཐམས་ཅད་ཡུལ་སྟེང་ནས་གྲུབ་རྒྱུ་རྡུལ་ཙམ་ཡང་མེད་སྙམ་དུ་འཛིན་པ་ཡིན་ལ་དེ་ལྟར་བྱས་པ་ན་བདེ་བ་ཇི་ཙམ་སྟོབས་ཆེ་བ་ཙམ་གྱིས་ ཡུལ་གཞན་ལ་རྟོག་པ་འཕྲོ་བ་ཁེགས་ནས། ལྟ་བའི་འཛིན་སྟངས་དེ་འབའ་ཞིག་གི་ངང་དུ་ལྷོད་འགྲོ་བས་བདེ་བ་ཇི་ཙམ་སྟོབས་ཆེ་བ་ཙམ་གྱིས་སྟོང་ཉིད་རྟོགས་པའི་འཛིན་སྟངས་སྟོབས་ཆེར་འགྲོ་བ་ཡིན་གྱི་ཞེན་པ་སྐྱེ་བ་མིན་པས་བློས་ཞིབ་པར་ལེགས་ པར་རྟགས་ནས་ལྟ་བ་རྣམ་དག་དང་སྦྱར་བའི་བསྒོམ་ཚུལ་ཤེས་ན་འདི་འབའ་ཞིག་གིས་གདོན་མི་ཟ་བར་འཁོར་བ་ལས་གྲོལ་བར་འགྱུར་ལ་རླུང་དབུ་མར་ཞུགས་པའི་ཞུ་བདེ་སྐྱེས་ཀྱང་སྟོང་ཉིད་ཀྱི་ལྟ་བ་རྣམ་དག་མེད་པའམ། ཡོད་ཀྱང་བདེ་སྟོང་སྦྱོར་ མི་ཤེས་ན་དོན་དུ་འགྱུར་དཀའ་ཞིང། ལྟ་བ་ལོག་པ་དང་སྦྱར་ན་ངན་འགྲོར་འཁྲིད་དོ། །དེས་ན་ཆོས་སྐུ་དང་བསྲེ་ཞེས་པ་ཡང་བདེ་སྟོང་གི་ཐུགས་གཉིས་སྣང་སྤྲོས་པའི་སྣང་བ་མ་ལུས་པ་འགགས་ནས་བདེ་སྟོང་གི་ཡེ་ཤེས་ཀྱི་ངོ་བོར་གནས་པ་དེ་ལ་ ཆོས་སྐུ་ཞེས་ཟེར་བ་ཡིན་པས། འདིར་ཡང་སྔགས་ཀྱི་ཐབས་རྣམས་ལ་བརྟེན་ནས་གཉིས་སྣང་གི་རྟོག་པ་རགས་པ་རྣམས་འགགས་ནས་སེམས་བདེ་སྟོང་གི་ངོ་བོར་གནས་པ་དེ་ཆོས་སྐུ་དང་རྣམ་པ་མཐུན་པ་ཡིན་པས། དེ་ལྟར་མཉམ་པར་ [036B]།དེ་ལྟར་གོ་བ་ལེགས་པར་དམིགས་ཕྱེད་པར་བྱས་ནས། ཉམས་སུ་ལེན་ཚུལ་གྱི་དམིགས་པ་དྲིལ་ནས་བསྟན་ན། ཐོག་མར་བླ་མའི་རྣལ་འབྱོར་བསྒོམས་ནས་བདག་གི་ལམ་གྱི་རྟོགས་པ་སྐུ་ གསུམ་དང་བསྲེ་ནུས་པར་བྱིན་གྱིས་རློབ་ཏུ་གསོལ། ཞེས་སྙིང་ཐག་པ་ནས་གསོལ་བ་དྲག་པོ་བཏབ། དེའི་རྗེས་སུ་དམིགས་པ་ལ་བཞག་པས་རླུང་འདུ་བ་དང། ཐིམ་པའི་རྟགས་རྣམས་འབྱུང་བ་ངོས་ཟིན་པར་བྱེད་དགོས་སྙམ་པའི་འཕེན་པ་ཞིག་བཏང་ ནས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའམ། རྨི་ལམ་གྱི་སྐབས་ཀྱི་འོད་གསལ་བཙན་ཐབས་སུ་འཛིན་པའི་གདམས་ངག་ཉིན་པར་རྩ་དབུ་མའི་ནང་གི་གནས་ཐམས་ཅད་དུ་དམིགས་པ་གཏོད་པ་སོགས་ཀྱི་ཐབས་གང་ཡང་རུང་བ་ལ་བརྟེན་ནས་རླུང་དབུ་མར་ཞུགས་ པའི་རྟགས་མཉམ་རྒྱུངས་ཅན་དང། གནས་པའི་རྟགས་སྣ་བུག་གི་རྒྱུ་བ་ཆད་པ་དང། ལྟོ་བ་མི་འགུལ་བར་སྣང་བ་སོགས་དེ་མ་ཐག་འདྲེན་ནུས་པས་ཐིམ་པའི་རྟགས་ནི་སྨིག་རྒྱུ་ནས་འོད་གསལ་གྱི་བར་རྣམས་རིམ་པ་བཞིན་ཤར་བ་ན་རྟགས་རྣམས་ ཤེས་ཤིང། དྲན་པ་མ་ཉམས་པར་བྱས་ནས་བདེ་སྟོང་གི་ངང་ལ་མཉམ་པར་བཞག་དེའི་མཐར་རྡོ་རྗེ་འཆང་གི་སྐུར་ལྡང་དགོས་སྙམ་པའི་འཕེན་པ་བཏང་ནས། དེའི་རྗེས་སུ་སྨིག་རྒྱུ་སོགས་ཤར་བ་ན་ས་རླུང་སོགས་ཐིམ་པའི་རྟགས་སུ་ངོ་ཤེས་ པར་བྱས་ནས་བདེ་སྟོང་གི་ངང་དུ་འཇོག་ཁྱད་པར་དུ་སྣང་མཆེད་ཐོབ་གསུམ་གྱི་སྣང་བ་སྔར་བཤད་པ་ལྟར་ཤར་བ་ན་ངོ་ཤེས་པར་བྱས་ཏེ། འདི་སྣང་བ་ཡིན། འདིའི་རྗེས་སུ་མཆེད་པ་འཆར། དེ་ངོ་ཤེས་པར་བྱས་ནས་བདེ་སྟོང་ལ་འཇོག་ [037A]༄༅། །སྙམ་པ་བྱས་ནས་དེའི་རྗེས་སུ་ཡིད་ཀྱི་ཤེས་པ་དབུ་མའི་ནང་ནས་ཁམས་དཀར་པ་འབབ་པའི་བདེ་བའི་ངོ་བོར་མེར་སོང་ཡོད་པས། ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་པའི་ངང་དུ་ལྷང་ངེ་བཞག་ནས་ཆེས་ སྐུའི་ངོ་བོར་སོང་སྙམ་པ་བྱས་ནས་རྩེ་གཅིག་ཏུ་འཇོག་དེའི་རྗེས་སུ་མཆེད་པ་ཤར་བ་ནའང་དྲན་པ་བསྟེན་ཚུལ་རིགས་འགྲོ་བསྲེ་ཚུལ་སྔར་ལྟར་དང་འདྲ། ཁྱད་པར་ཉེར་ཐོབ་ཀྱི་ནག་ལམ་གྱི་སྣང་བ་ཤར་བ་ན་འདིའི་རྗེས་སུ་དྲན་མེད་དུ་བརྒྱལ་བ་འབྱུང་ བས། དེ་སངས་ནས་འོད་གསལ་ཤར་བ་ན་ཅིས་ཀྱང་ངོ་ཤེས་པར་བྱས་ཏེ། ཆོས་སྐུ་དང་བསྲེ་དགོས་སྙམ་པའི་འདུན་པ་བཏང་ནས་ཉེར་ཐོབ་ཀྱི་དྲན་མེད་དེ་སངས་ནས་འོད་གསལ་གྱི་སྣང་བ་སྟོན་གྱི་ནམ་མཁའ་གཡའ་དག་ལྟ་བུའི་སྟོང་སང་འབའ་ཞིག་ གི་སྣང་བ་ཤར་བ་འབྱུང་བ་ན། སྔར་ཤེས་པ་བདེ་བའི་ངོ་བོར་གྱུར་པ་དེས་ལྟ་བ་དྲན་པའི་འཛིན་སྟངས་ལྷང་ངེ་བ་དེ་ལ་འཇོག་པ་དང། ཆོས་སྐུའི་ངོ་བོར་སོང་སྙམ་པའི་བློ་ཤུགས་ཅན་བྱས་ནས་ཇི་ཙམ་འཇོག་ནུས་ཀྱི་བར་ལ་འཇོག་དེ་ལས་སེམས་ ཅུང་ཟད་གཡོ་བར་རྩོམ་པ་ན་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་སེམས་ཁྲིག་གེ་གཏད་པས་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་སྙིང་གའི་ཁམས་དཀར་དམར་གྱི་ཐིག་ལེ་དེ་ཁ་གཤག་བྱེ་བའི་ནང་ནས་ཕྱི་རོལ་ཏུ་རྒྱངས་ཏེ་འཐོན། རྡོ་རྗེ་འཆང་གི་སྐུར་ལམ་ སྟེ་གྲུབ་པར་བསྒོམ་ཞིང། དེའི་ཚེ་དངོས་གནས་ལ་རྡོ་རྗེ་འཆང་གི་སྐུར་མ་སོང་ཡང་རང་གི་ཡིད་ངོར་རྡོ་རྗེ་འཆང་གི་སྐུའི་རྣམ་པར་ཤར་བ་དེ་ལ་ཇི་ཙམ་འཇོག་ནུས་ཀྱི་བར་ལ་འཇོག་པ་ནི་ལམ་དུས་ཀྱི་སྒྱུ་ལུས་རྗེས་མཐུན་པ་ལོངས་སྐུ་དང་བསྲེ་བ་ཞེས་ [037B] །རང་རྡོ་རྗེ་འཆང་གི་སྐུའི་རྣམ་པར་གནས་པ་དེ་ལས་སླར་རང་གི་ལུས་རགས་པ་འདི་རྡོ་རྗེ་འཆང་གི་སྐུར་བསྒོམས་ནས། དེ་ལ་རང་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ནི། རྡོ་རྗེ་འཆང་ཆེན་པོས་གདུལ་བྱའི་དོན་དུ་ཁམས་རགས་པའི་ལུས་བཟུང་ནས་ སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པའི་སྐུའི་རྣམ་པར་བསྟན་པ་དང་རྣམ་པ་མཐུན་པས་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱའོ། །རླུང་དབུ་མར་ཞུགས་པ་ནས་བསྲེ་ཚུལ་འདི་ལྟར་འབད་ནས་རྩེ་གཅིག་ཏུ་གོམས་པར་བྱས་པ་དང། ཁྱད་པར་སྙིང་གར་གནད་དུ་བསྣུན་པ་ སོགས་ཀྱི་སྙིང་གའི་རྩ་མདུད་མ་ལུས་པར་གྲོལ་བ་ན་ཕྱག་རྒྱ་ལ་བརྟེན་པའི་རླུང་དབུ་མར་འདུས་པ་རྣམས་སྙིང་གར་ཐིམ་པའི་ཕུལ་ཆེ་ཆུང་དང། གཉིས་སྣང་རགས་པ་འགགས་པའི་སྟོབས་ཆེ་ཆུང་འཆི་བ་འོད་གསལ་དང་ཁྱད་པར་ཅུང་ཟད་ཀྱང་མེད་པ་ལ་ སེམས་ཞུ་བ་དེའི་ངོ་བོར་སྐྱེས་པ་འབྱུང་སྟེ། དེའི་ཚེ་སྔར་ལྟར་བདེ་སྟོང་གི་ཏིང་ངེ་འཛིན་ལ་འཇོག་པའི་ཆོས་སྐུ་དང་བསྲེ་བ་ནི་སེམས་དབེན་གྱི་དཔེའི་འོད་གསལ་མཐར་ཕྱིན་པ་ཞེས་བྱ་ཞིང། དེ་ལྟ་བུའི་འོད་གསལ་ཐོབ་ནས་དེ་ལས་སེམས་གཡོ་བར་རྩོམ་པ་ ན། སྔར་ལྟར་རྡོ་རྗེ་འཆང་གི་སྐུར་ལངས་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་དངོས་གནས་ལ་རྡོ་རྗེ་འཆང་གི་སྐུ་འགྲུབ་པ་འབྱུང་སྟེ། དཔེར་ན་འཆི་བ་འོད་གསལ་གྱི་མཐར་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་བར་དོའི་ལུས་སུ་དངོས་གནས་ལ་གྲུབ་པ་ བཞིན་ནོ། །དེ་ལྟར་རྡོ་རྗེ་འཆང་གི་སྐུ་དངོས་གནས་ལ་གྲུབ་པ་དེ་ལ་མ་དག་པའི་སྒྱུ་མའི་ལུས་ཞེས་བྱ་ཞིང། དེ་ལྟར་རྡོ་རྗེ་འཆང་གི་སྐུའི་རྣམ་པར་གྲུབ་པ་དེས་རང་གི་ལུས་འདི་རྡོ་རྗེ་འཆང་གི་སྐུའི་རྣམ་པར་གྲུབ་པ་དེས་རང་གི་ལུས་འདི་རྡོ་རྗེ་འཆང་གི་སྐུར་ [038A]༄༅། །བསྒོམས་ནས་དེའི་སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་ནོ། །ཉིན་པར་ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བའི་ཚུལ་བཤད་ཟིན་ནས་གཉིད་ཆོས་སྐུ་དང་བསྲེ་བ། རྨི་ལམ་ལོངས་ སྐུ་དང་བསྲེ་བ། སད་བ་སྤྲུལ་སྐུ་དང་བསྲེ་བ་གསུམ། དང་པོ་གཉིད་ཆོས་སྐུ་དང་བསྲེ་བ་ནི། རླུང་དབུ་མར་འཇུག་པའི་གང་ཟག་གིས་གཉིད་དུ་འགྲོ་བའི་ཚེ་སྙིང་གའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་ལ་དམིགས་པ་གཏད་པས་གཉིད་དུ་འགྲོ་བ་དང་ མཉམ་དུ་སྙིང་གའི་རྩ་དབུ་མའི་ནང་དུ་རླུང་འདུ་ཕུལ་སྔར་བས་ཆེ་བ་འབྱུང་བས་སྣང་མཆེད་ཐོང་གསུམ་འོད་གསལ་དང་བཅས་པ་སྔར་བཞིན་དུ་ཤར་བ་ན། ཆོས་སྐུ་དང་བསྲེ་བའི་ཚུལ་སྔར་བཞིན་དུ་བྱས་ལ། གཉིད་ཀྱི་འོད་གསལ་གྱི་ངང་ནས་རྨི་ ལམ་འཆར་བ་རྩོམ་པ་ན་སྙིང་གའི་དབུས་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་རྡོ་རྗེ་འཆང་གི་སྐུར་ལྡང་བའི་ཚུལ་སྔར་བཞིན་བྱས་པ་ནི་རྨི་ལམ་ལོངས་སྐུ་དང་བསྲེ་བ་ཞེས་བྱའོ་།རླུང་དབུ་མར་འཇུག་མི་ནུས་པའི་གང་ཟག་གིས་ནི་འདུན་པའི་སྟོབས་ ཀྱིས་ལེགས་པར་དྲན་པ་བསྟེན་ནས་གཉིད་ཀྱི་འོད་གསལ་མཚན་ཉིད་ཚང་བ་འཛིན་མི་ནུས་ཀྱང། སྨིག་རྒྱུ་ནས་སྣང་མཆེད་ཐོབ་གསུམ་གྱི་བར་གྱི་སྣང་བ་འདྲ་རུང། གོ་རིམས་འཆོལ་བ་ཐོ་རེ་བ་དང་རྨི་ལམ་མེད་པའི་གསལ་ལེ་བ་དང། མཐར་ གཉིད་སད་རྒྱུ་ཡོད་པ་དེ་ལྟ་བུ་ལ་ཡུན་རེ་འགའ་གནས་ནུས་པ་འབྱུང་སྟེ། རླུང་དབུ་མར་ཞུགས་པའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་མི་འདྲ་བས། དེ་དག་གི་སྐབས་སུ་དབུ་མ་ནས་ཁམས་དཀར་པོ་འབབ་པའི་བདེ་བ་མི་འབྱུང་ལ་ [038B]རྒྱུ་མི་འོང་ནའང་འདུན་པའི་སྟོབས་ཀྱིས་འོད་གསལ་འཛིན་པ་ལ་ཤར་བའི་སྣང་བ་དེ་དག་གི་སྐབས་སུའང་སྟོང་པ་ཉིད་ཀྱི་ལྟ་བ་ལ་གཞག་པར་བྱའོ། །དེ་འདུན་པའི་སྟོབས་ཀྱིས་འཛིན་པ་དེས་གཉིད་ཀྱི་འོད་ གསལ་ལས་རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ལྡང་མི་ནུས་པས། རྨི་ལམ་ཤར་བ་ན་རྨི་ལམ་དུ་ངོ་ཤེས་ནས་རྡོ་རྗེ་འཆང་གི་སྐུར་བསྒོམ་པ་ནི། འདུན་པའི་སྟོབས་ཀྱིས་རྨི་ལམ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། །རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ འོད་གསལ་གྱི་ངང་ལས་ལངས་པ་དང། རྨི་ལམ་ཟིན་ནས་རྡོ་རྗེ་འཆང་གི་སྐུར་འོད་གསལ་གྱི་ངང་ལས་ལངས་པ་དང། རྨི་ལམ་ཟིན་ནས་རྡོ་རྗེ་འཆང་གི་སྐུར་བསྒོམ་པ་གཉིས་ཀས་གཉིད་སད་ཡོང་ན་རང་གི་ལུས་འདི་རྡོ་རྗེ་འཆང་གི་སྐུར་བསྒོམས་ ནས་དེ་ལ་རང་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་པར་བསྒོམ་པ་ནི་སད་པ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱའོ། །གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དང་བསྲེ་བ་ལ་འཆི་བ་ཆོས་སྐུར་བསྲེ་བ། བར་དོ་ལོངས་སྐུར་བསྲེ་བ། སྐྱེ་བ་སྤྲུལ་སྐུར་ བསྲེ་བ་གསུམ། འདི་དག་གི་ཉམས་སུ་ལེན་ཚུལ་ནི། ཚེ་འདིའི་ནོར་ལོངས་སྤྱོད་ཐམས་ཅད་དགེ་ཕྱོགས་སུ་བཏང། འཁོར་གཡོག་ཉེ་འབྲེལ་ཐམས་ཅད་ལ་འདི་རྣམས་ཐམས་ཅད་སྐྱེ་བ་སྔོན་མ་ནས་འགྲོགས་ཡོངས་པ་མིན། སྐྱེ་བ་སྔོན་མའི་ཉེ་ འབྲེལ་ལོངས་སྤྱོད་སོགས་འདི་ལས་ལྷག་པ་ཡོད་དེ། ཐམས་ཅད་བཞག་ནས་རང་གཅིག་པུར་འོང་དགོས་བྱུང། དེར་མ་ཟད་ཚེ་རབས་ཐམས་ཅད་དུ་ལུས་ལོངས་སྤྱོད་ཉེ་འབྲེལ་ཐམས་ཅད་བཞག་ཕྱིན། བདག་གཅིག་པུར་མ་ཟད་སེམས་ཅན་ [039A]༄༅། །ཐམས་ཅད་དེ་འདྲ་ཤ་སྟག་ཡིན་པས། ཉེ་འབྲེལ་འཁོར་གཡོག་འདི་རྣམས་ཐམས་ཅད་ཁོ་རང་རྣམས་ཀྱང་རང་དབང་མེད་པར་འགྱེས་དགོས། འདི་རྣམས་ལ་ཞེན་ཆགས་བྱེད་པའི་དོན་མེད་སྙམ་པ་བྱས་ནས་ཚེ་འདིའི་ཕྱོགས་ལ་ཞེན་ ཆགས་མེད་པར་བྱས། འདི་ལྟར་རང་དབང་མེད་པར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་ཐམས་ཅད་ཡུལ་སྟེང་ནས་གྲུབ་པ་གང་ཡང་མེད་པ་ལ། ཡུལ་སྟེང་ནས་གྲུབ་པར་བཟུང་ནས་ཞེན་ཆགས་བྱས་པ་འདིས་ལན་འདུག་པས་གཉིས་སྣང་རགས་པ་འགགས་ པའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་བ་ཤར་བ་ན། བདེ་སྟོང་གཉིས་སུ་མེད་པའི་ཆོས་སྐུའི་ངང་དུ་བསྲེ་པར་བྱའོ་སྙམ་དུ་འདུན་པ་དྲག་པོ་བཏང་ནས་གསང་སྔགས་ཀྱི་དམ་ཚིག་དང་འགལ་བའི་ཉེས་པ་བྱས་པ་རྣམས་ལ་འགྱོད་པ་དྲག་པོ་ བསྐྱེད་དེ། །བླ་མེད་ཀྱི་དབང་མཚན་ཉིད་ཚང་བ་གཞན་ལ་ཞུ་བའམ་རང་གིས་བདག་འཇུག་བླངས་པས་སྔགས་ཀྱི་སྡོམ་ལྡན་དུ་བྱས་ཏེ། བླ་མའི་རྣལ་འབྱོར་བསྒོམས་ནས་བདག་གིས་འཆི་བ་འོད་གསལ་ཆོས་སྐུ་དང་བསྲེ་ནུས་པར་བྱིན་གྱིས་བརླབ་ཏུ་ གསོལ། བར་དོ་ལོངས་སྐུ་དང་བསྲེ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གསོལ་བ་དྲག་ཏུ་བཏབ། དེ་ནས་རང་ཡི་དམ་གང་ཡིན་གྱི་ང་རྒྱལ་བརྟན་པ་དང་དམིགས་པ་གསལ་བར་ བྱས་ཏེ། སྨིག་རྒྱུ་ནས་འོད་གསལ་གྱི་བར་རིམ་པ་བཞིན་དུ་ཤར་བ་ན་ངོ་ཤེས་པར་བྱས་ཏེ། བདེ་སྟོང་གི་ཡེ་ཤེས་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ཅིང། ཁྱད་པར་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ན་སྟོང་ཉིད་ཀྱི་ལྟ་བ་ [039B]སྙམ་པའི་འཛིན་སྟངས་དྲག་པོ་བྱས་ནས་རྩེ་གཅིག་ཏུ་འཇོག་པ་སོགས་སྔར་ལྟར་བྱེད་པ་ཡིན། འཆི་བ་ཆོས་སྐུ་དང་བསྲེ་བའི་ཚུལ་ཡིན་ནོ། །དེ་ཡང་བསྲེ་མཁན་གྱི་རྣལ་འབྱོར་བ་ཚེ་འདིའི་སྔར་ནས་སྙིང་གའི་ རྩ་མདུད་ལྷག་མ་མ་ལུས་པར་གྲོལ་ནས་སྤྱོད་པ་མ་གྲུབ་པ་དང་དེ་ཙམ་མ་ཐོབ་ཀྱང་ངག་དབེན་མན་ཆད་ཀྱི་རླུང་དབུ་མར་ཐིམ་པའི་རྟགས་རྣམས་རྫོགས་པ་ནས་ལུས་དབེན་ཐོག་མར་གྲུབ་པ་ཡན་ཆད་དང། འཆི་བའི་སྔོན་དུ་རླུང་དབུ་མར་གཏན་ནས་ འཇུག་མ་ཐུབ་ཀྱང་མན་ངག་ལ་མཁས་ཤིང་ཡིད་ལ་གཅགས་པའི་གང་ཟག་གསུམ་ཡོད་ལ། གསུམ་པོ་དེ་བར་དོ་ལོངས་སྐུར་ལྡང་ཚུལ་མི་འདྲ་བ་གསུམ་འབྱུང་སྟེ། གང་ཟག་དང་པོ་དེས་འཆི་བ་འོད་གསལ་དཔེའི་འོད་གསལ་གྱི་ངོ་བོར་བསྐྱེད་ནུས་ པས་དེ་ལས་ལྡང་བ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ལས་བར་དོ་འབྱུང་བའི་དོད་ལ་རྡོ་རྗེ་འཆང་གི་སྐུར་དངོས་གནས་ལ་ལངས་ནས་དེའི་རྟེན་ལ་སངས་རྒྱ་བ་ཡིན་ནོ། །གང་ཟག་གཉིས་པ་དེས་འཆི་བ་འོད་གསལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ངོ་བོར་ བསྐྱེད་ནས། དེ་ལས་ལྡང་བ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་དངོས་གནས་ལ་རྡོ་རྗེ་འཆང་གི་སྐུར་མ་སོང་ཡང་རང་གི་ཡིད་ངོར་རྡོ་རྗེ་འཆང་གི་སྐུའི་རྣམ་པར་ཁྲིག་སྟེ་ལངས་པའི་སྣང་བ་འབྱུང་ངོ། །གང་ཟག་གསུམ་པས་འཆི་བ་འོད་གསལ་གྱི་ཚེ་སྟོང་ཉིད་ གྱི་ལྟ་བ་རྣམ་དག་ལ་འཇོག་ནུས་ཀྱང། དེ་ལྟར་ལྡང་བ་ན་རྡོ་རྗེ་འཆང་གི་སྐུར་རང་གི་སྣང་ངོར་ཡང་ལྡང་མི་ནུས་པར་བར་དོ་རང་དགའ་བའི་ལུས་སུ་གྲུབ་ནས། བར་དོ་ལ་བར་དོར་ངོ་ཤེས་པ་ན་བར་དོའི་ལུས་དེ་རྡོ་རྗེ་འཆང་གི་སྐུར་སྒོམ་པ་ཡིན་ལ། དེ་དག་ནི་ [040A]༄༅། །གང་ཟག་དེ་རྣམས་ཀྱིས་བར་དོ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། །དེས་ན་ཡིད་ངོར་རྡོ་རྗེ་འཆང་གི་སྐུར་ལངས་པའི་གང་ཟག་དེ་དང། བར་དོ་ངོ་ཤེས་ནས་རྡོ་རྗེ་འཆང་གི་སྐུར་བསྒོམ་པ་གཉིས་ཀྱིས་བར་དོའི་སྣང་བ་ཐམས་ཅད་ངོ་བོ་བདེ་ སྟོང་གི་ཡེ་ཤེས་ལ་རྣམ་པར་རྡོ་རྗེ་འཆང་གི་རྣམ་པར་ཤར་བའི་ལྷའི་ངོ་བོར་བསྒོམས་ནས་སྐྱེ་གནས་སོགས་ཐམས་ཅད་ལ་ཆགས་སྡང་ཞེན་པ་བཀག་སྟེ་གང་དུ་སྐྱེ་བ་ལེན་པའི་མངལ་དེ་གཞལ་ཡས་ཁང་དང། དེར་མི་བསྐྱོད་པ་ནམ་མཁའི་ཁམས་གང་བ་ འདུས་ནས་གཅིག་ཏུ་འདྲེས་པའི་དབུས་སུ་བཞུགས་པར་མོས་ནས་སྐྱེ་གནས་སུ་ཞུགས། བར་དོ་འཆི་བའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ན། སྔར་ལྟར་ཆོས་སྐུ་དང་བསྲེ་ཞིང་དེ་ལས་ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་ འོད་གསལ་དང་བཅས་པ་འཆར་བར་རྩོམ་པ་ན་མངལ་དུ་ཞུགས་ཟིན་པས། དེའི་ཚེ་སྤྲུལ་སྐུ་རྡོར་སེམས་ཀྱི་རྣམ་པར་ལངས་ཏེ་ལྷའི་ང་རྒྱལ་གྱིས་གནས་པ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱའོ། །དེ་ཡང་ཚེ་འདིར་རླུང་དབུ་མར་བཅུག་ནས་ཆོས་སྐུ་དང་བསྲེ་ ནུས་པའི་གང་ཟག་གིས་འཆི་བ་འོད་གསལ་ལས་བར་དོར་རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ལངས་ཏེ། རང་འདོད་ན་མཁའ་སྤྱོད་ལ་སོགས་པའི་གནས་སུ་འཕོ་བར་ནུས་ལ། སྔར་བཤད་པ་ལྟར་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའི་གདམས་ངག་གི་མིའི་སྐྱེ་གནས་ སུ་འཇུག་ནའང་སྔགས་འགྲུབ་པའི་རྟེན་ཁྱད་པར་ཅན་དུ་གདོན་མི་ཟ་བར་སྐྱེས་ནས་ཚེ་འདི་ལ་ལམ་གྱི་རྟོགས་པ་ཁྱད་པར་ཅན་བསྐྱེད་དེ། དེ་ནས་སྐྱེ་བ་མང་པོར་མི་ཐོགས་པར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བོ། །ཚེ་འདིར་རླུང་དབུ་མར་ཞུགས་པའི་རྟགས་ [040B] སྐུ་གསུམ་བསྲེ་ཚུལ་གྱི་གོ་བ་ལེགས་པར་ཆགས་ནས་འཆི་ཁར་དམ་ཚིག་དང་སྡོམ་པ་སོར་བཅུག་སྟེ། །བླ་མའི་མན་ངག་གི་སྒོ་ནས་འདུན་པས་བསྲེ་བའི་གང་ཟག་སྔར་བཤད་པའི་ཐ་མ་དེས་ཀྱང་འདུན་པའི་སྟོབས་ ཀྱིས་སྔར་བཞིན་བསྲེས་པས་སྔགས་འགྲུབ་པའི་རྟེན་དུ་སྐྱེས་ཏེ་སྔགས་ཀྱི་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དང་པྲད་ནས་གདམས་ངག་ཕྱིན་ཅི་མ་ལོག་པར་ཐོབ་སྟེ་རྟོགས་པ་ཁྱད་པར་ཅན་བསྐྱེད་པས། དེ་ནས་ངན་སོང་དུ་སྐྱེ་བ་མི་སྲིད་པར་ སྐྱེ་བ་ཐམས་ཅད་དུ་སྔགས་འགྲུབ་པའི་རྟེན་འབའ་ཞིག་ཏུ་སྐྱེ་ལ། དེ་ཡང་སྐྱེ་བ་སྔ་མ་ལས་ཕྱི་མ་ཕྱི་མ་རྟོགས་པ་གོང་ནས་གོང་དུ་འགྲུབ་པའི་སྒོ་ནས་མྱུར་དུ་སངས་རྒྱ་བར་གདོན་མི་ཟའོ། །གལ་ཏེ་གདམས་ངག་དང་ལྡན་པའི་གང་ཟག་ལ་སྣང་མཆེད་ཐོབ་ གསུམ་རིམ་གྱིས་འབྱུང་བ་མིན་པའི་གཡང་དུ་ལྷུང་བ་སོགས་གློ་བུར་དུ་འཆི་དགོས་པ་བྱུང་ན། ཚེ་འདི་ལ་ཞེན་ཆགས་རྦད་བཅད་ནས་སྣང་བ་འདི་ཐམས་ཅད་ཡུལ་སྟེང་ནས་གྲུབ་རྒྱུ་རྡུལ་ཙམ་མེད་སྙམ་པའི་ལྟ་བའི་སྟེང་དུ་བཞག་བར་དོ་གྲུབ་པའི་ཚེ་བསྲེ་ཚུལ་སྔར་ ལྟར་བྱེད། དེ་ལྟར་བྱས་བས་གདོན་མི་ཟ་བར་ངན་འགྲོ་ལས་ཐར་རོ། །དེ་ལྟར་བདག་གི་དད་པའི་ལྕགས་ཀྱུ་ཡིས། །དཔལ་ལྡན་བླ་མའི་ཐུགས་ཀྱི་བང་མཛོད་ལས། །མན་ངག་ཡིད་བཞིན་ནོར་བུའི་ཚོགས་བླངས་ཏེ། །བརྩོན་པས་ཉམས་པ་མེད་པའི་བྱ་དོར་བྱས་ སྐལ་བཟང་ཐེག་པ་མཆོག་གི་རིགས་ལྡན་ཞིང། །རྣམ་དཔྱོད་དམ་ཚིག་ལྡན་པའི་སློབ་མ་ཡིས། །མཆོག་ཏུ་དད་པའི་གསུང་གིས་བསྐུལ་བའི་ངོར། །རྡོ་རྗེ་འཛིན་པ་ཆོས་སྐུ་རྒྱལ་མཚན་གྱིས། །ལྷག་བསམ་དག་པའི་སེམས་ཀྱིས་སྦྱར་པ་ལ། །གནས་གསུམ་ [41A]༄༅། །མཁའ་འགྲོའི་ཚོགས་རྣམས་བཟོད་པར་མཛོད། །རབ་དཀར་དགེ་བའི་མཐུ་ཡིས་འགྲོ་བ་ཀུན། །སྐྱེ་ཤི་བར་དོའི་གཡང་ས་ལས་གྲོལ་ནས། །རྣམ་མཁྱེན་ཐར་པའི་ཁང་བཟང་ཉམས་དགའ་བར་།ཟག་མེད་བདེ་པའི་དཔལ་ལ་སྤྱོད་ པར་ཤོག་ འདི་ཆོས་རྗེ་བ་སོ་བའི་ཟིན་བྲིས་སོ།། ༈ །།གཉིས་པ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བརྩེ་བ་ ཆེན་པོས་འབྲལ་བ་མེད་པར་རྗེས་སུ་བཟུང་དུ་གསོལ། རྒྱུད་སྡེ་བླ་ན་མེད་པའི་ཟབ་པའི་གནད་མཐར་ཐུག་པ་བསྲེ་བའི་མན་ངག་གི་གནད་ཞིབ་པར་གཞན་དུ་བརྗོད་པ་ནི། རྗེ་བཙུན་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་རབ་ཀྱི་དགོངས་པའི་གནད་དྲིལ་བ་ ཞལ་གྱི་མན་ངག་གིས་ལེགས་པར་བརྒྱན་ཏེ་གསལ་བར་བརྗོད་པ་ཡིན་པས། དེར་བཤད་པ་ལྟར་གཞི་ལམ་གྱི་སྐབས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་ཚུལ་དང། གཞི་དུས་ཀྱི་བར་དོ་དང་སྐྱེ་བ་ལེན་ཚུལ་ལ་སོགས་ པ་གཞིའི་གོ་བ་ལེགས་པར་ཆགས་པའི་གང་ཟག་ལ་ཉམས་སུ་ལེན་ཚུལ་གྱི་གནད་འགག་དྲིལ་བ་ལག་ཏུ་བླང་བདེ་བར་བརྗོད་ན། གཞི་དུས་ཀྱི་སྐུ་གསུམ་དང་བསྲེ་བ། ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བ། གཉིང་དུས་ཀྱི་སྐུ་གསུམ་དང་བསྲེ་བ་ ཐམས་ཅད་ཀྱང་རླུང་སྟོབས་ཀྱིས་བསྲེ་བ། འདུན་པའི་སྟོབས་ཀྱིས་བསྲེ་བ་གཉིས་སུ་འདུས་ཤིང། དང་པོ་རླུང་སྟོབས་ཀྱིས་བསྲེ་བའི་ཚུལ་ནི། རླུང་དབུ་མར་འཇུག་ནུས་པའི་གང་ཟག་གི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་ [41B]དབུ་མའི་ནང་དུ་རླུང་ཞུགས་པའི་དྲོད་འབར་བའི་སྟོབས་ཀྱིས་ཁམས་དཀར་པོ་ཞུ་བ་དབུ་མའི་ནང་ནས་འབབ་པས་སེམས་བདེ་བའི་ངོ་བོར་མེར་སོང་བ་དེས། ཆོས་ཐམས་ཅད་རང་ངོས་ནས་ གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་ཡིན་སྙམ་དུ་བློ་ཐག་རྦད་བཅད་པའི་འཛིན་སྟངས་ལྷང་ངེ་བ་དེ་ལ་བཞག་ནས་ཆོས་སྐུའི་ངོ་བོར་སོང་སྙམ་པ་བྱེད། ཁྱད་པར་འོད་གསལ་གྱི་སྐབས་སུ་བདེ་སྟོང་གི་ངང་དུ་འཇོག་ཅི་ཐུབ་བྱེད་པ་ཆོས་སྐུ་དང་བསྲེ་ བ་ཡིན་ནོ། །དེ་ནས་འོད་གསལ་ལས་སེམས་གཡོ་བར་རྩོམ་པ་ན་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་སེམས་གཏད་པས་རང་གི་སེམས་དང་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་འཁྲུག་སྟེ་འདྲེས་པ་དང་སྙིང་གའི་ཁམས་དཀར་དམར་གྱི་ཐིག་ལེ་དེ་ ཁ་གཤག་སྟེ་བྱེ་བའི་ནང་ནས། ཤིན་ཏུ་ཕྲ་བའི་རླུང་སེམས་དེ་རྒྱང་སྟེ་ཐོན་ནས་རང་གི་ལུས་འདི་ལས་ཕྱི་རོལ་ཏུ་རྡོ་རྗེ་འཆང་གི་སྐུར་ལངས་པར་བསྒོམ་པ་ནི་ལོངས་སྐུ་དང་བསྲེ་བ་ཡིན་ལ། དེ་ཡང་རླུང་ཐིམ་པའི་འོད་གསལ་ཐོབ་ཙམ་ནས་རྡོ་རྗེ་འཆང་གི་ སྐུར་དངོས་གནས་ལ་ལྡང་མི་ནུས་ཀྱང་ཡིད་དོར་ལྡང་བ་ཡིན། དེ་ལྟར་རྩེ་གཅིག་ཏུ་གོམས་པར་བྱས་པས་ཚེ་འདིར་སེམས་དབེན་གྱི་དཔེའི་འོད་གསལ་རྫོགས་པར་ཐོབ་པའི་རྣལ་འབྱོར་པ་དེས་སྔར་ལྟར་བསྲེས་པས་རྡོ་རྗེ་འཆང་གི་སྐུར་དངོས་གནས་ལ་ ལྡང་ནུས་ལ། བར་དོར་མཆོག་འགྲུབ་པའི་གང་ཟག་གིས་ཀྱང་འཆི་བ་འོད་གསལ་དཔེའི་འོད་གསལ་གྱི་ངོ་བོར་གྲུབ་ནས། དེའི་མཐར་རྡོ་རྗེ་འཆང་གི་སྐུར་ལྡང་ལུགས་སྔར་ལྟར་བྱས་པས་བར་དོ་གྲུབ་པའི་དོད་པ་རྡོ་རྗེ་འཆང་གི་སྐུ་འགྲུབ་སྟེ་དེའི་རྒྱུན་ལ་ [42A]༄༅། །སངས་རྒྱ་བ་ཡིན་ནོ། །སྔར་གྱི་ཡིད་ངོར་རྡོ་རྗེ་འཆང་གི་སྐུར་ལངས་པ་དེས་ཀྱང་སྔར་རང་གི་ཕུང་པོ་འདི་རྡོ་རྗེ་འཆང་གི་སྐུར་བསྒོམས་ནས་དེ་ལས་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་ནོ། ། གཞི་ལམ་ཐམས་ཅད་ཀྱི་སྐབས་སུ་རླུང་དབུ་མར་འཇུག་ནུས་པའི་གང་ཟག་གིས་བསྲེ་ཚུལ་འདི་ཁོ་ནར་ངེས་ལ། གཉིད་ཀྱི་སྐབས་སུ་བསྲེ་བ་ཡང་གཉིད་དུ་འགྲོ་བའི་ཚེ་སྙིང་གར་དམིགས་པ་གཏད་པ་དེའི་ཚེ་དབང་ཤེས་ལྔའི་བཞོན་པའི་རླུང་རྣམས་སྙིང་ གའི་རྩ་འདབ་ཀྱི་ནང་དུ་གཉིད་ཀྱི་རྐྱེན་གྱིས་རང་ཤུགས་ཀྱིས་འདུ་བའི་གནད་ཀྱིས་རླུང་དབུ་མར་འདུ་ཕུལ་ཉིན་བར་ལས་ཆེ་བ་ཞིག་འོང་བས། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཉིན་པར་ལས་གསལ་བར་འཆར་ཞིང། དེའི་ཚེ་ཆོས་སྐུ་དང་བསྲེ་ བ་སྔར་ལྟར་བྱེད་ལ། གཉིད་ཀྱི་འོད་གསལ་ལས་སེམས་གཡོས་ནས་རྨི་ལམ་འཆར་བར་རྩོམ་པ་ན། རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ལྡང་བའི་ཚུལ་དང། དེ་ནས་རང་གི་ལུས་ལ་འཇུག་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། །རླུང་དབུ་མར་འཇུག་མི་ ནུས་པའི་གང་ཟག་གིས་འདུན་པའི་སྟོབས་ཀྱིས་བསྲེ་བ་ལ། གཉིད་ཀྱི་སྐབས་སུ་བསྲེ་ཚུལ་དང། འཆི་བའི་ཚེ་བསྲེ་ཚུལ་གཉིས། དང་པོ་ནི། རླུང་དབུ་མར་འཇུག་མི་ནུས་པའི་གང་ཟག་གིས་འདུན་པའི་སྟོབས་ཀྱིས་གཉིད་ཀྱི་འོད་གསལ་འཛིན་ འདོད་པས་གཉིད་དུ་འགྲོ་བའི་ཚེ། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འབྱུང་བ་ཅིས་ཀྱང་ཐིམ་པར་བྱེད་དགོས་སྙམ་པའི་འདུན་པ་ཉིན་པར་གྱི་སྐབས་སུ་ཡང་ཡང་དྲག་པོ་གཏད་ནས། གཉིད་ལ་འགྲོ་ཁར་བླ་མའི་རྣལ་འབྱོར་བསྒོམས་ [42B] བདག་གིས་གཉིད་ཀྱི་འོད་གསལ་འཛིན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གསོལ་འདེབས་དྲག་པོ་བཏབ་སྟེ། སྣང་མཆེད་ཐོབ་གསུམ་སོགས་བྱུང་བར་རིག་པར་བྱེད་དགོས་སྙམ་པའི་དྲན་པ་ལེགས་པར་བསྟེན་ནས་ཉལ་བས། སྨིག་རྒྱུ་ ནས་འོད་གསལ་གྱི་བར་རྫོགས་པའི་གོ་རིམས་མ་འཕྱུགས་པ་མི་འཆར་ཡང། སྨིག་རྒྱུ། དུ་བ། མཁའ་སྣང། མར་མེ། ཉི་ཟླ་སོགས་ཀྱི་སྣང་བ་རླུང་དྷཱུ་ཏཱིར་ཐིམ་པ་ལ་བརྟེན་ནས་འབྱུང་བའི་སྣང་བ་དང་འདྲ་རུང་བ་གོ་རིམས་འཆོལ་བ་སྣ་ཚོགས་ འཆར་བ་སྲིད་ལ། དེའི་ཚེ་སྟོང་པ་ཉིད་ཀྱི་ལྟ་བ་རྣམ་དག་གི་སྟེང་དུ་སྔར་ལྟར་འཇོག་པ་ནི་ཆོས་སྐུ་དང་བསྲེ་བ་ཡིན་ནོ་།རྨི་ལམ་འདུན་པའི་སྟོབས་ཀྱིས་བསྲེ་བའི་ཚུལ་ནི། ཉིན་པར་གཉིད་དུ་འགྲོ་ཁ་ཡིན་ཆད་ད་ལྟའི་སྣང་བ་འདི་ཐམས་ཅད་རྨི་ལམ་ ཡིན། ངས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱེད་དགོས་སྙམ་པའི་དྲན་པ་རྒྱུན་དུ་བསྟེན་པས་རྨི་ལམ་ཤར་བ་ན། རྨི་ལམ་དུ་ངོ་ཤེས་པར་འབྱུང་ལ། དེའི་རྨི་ལམ་གྱི་ལུས་རྡོ་རྗེ་འཆང་དུ་བསྒོམ་པ་ནི། རྨི་ལམ་འདུན་པའི་སྟོབས་ཀྱིས་ལོངས་ སྐུ་དང་བསྲེ་བ་ཡིན་ལ། དེའི་ཚེ་རླུང་དབུ་མར་སྡུད་པའི་གདམས་ངག་བསྒོམ་པ་ནི། རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡིན་ལ། དེ་ལྟ་བུའི་གདམས་ངག་མི་ཤེས་ན་སྟོང་ཉིད་ཀྱི་ལྟ་བ་རྣམ་དག་གི་སྟེང་དུ་འཇོག་པ་ནི། འོག་མ་རྣམས་དང་ཐུན་མོང་བ་ ཡིན་ནོ། །དེ་ནས་གཉིད་སད་པར་རྩོམ་པ་ན་རང་གི་ལུས་འདི་རྡོ་རྗེ་འཆང་གི་སྐུར་བསྒོམ་པ་ནས། དེ་ལ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་པར་བསྒོམས་ནས་ལྡང་བ་ནི་སད་པ་སྤྲུལ་སྐུ་དང་བསྲེ་བ་ཡིན་ནོ། །འཆི་བའི་ཚེ་འདུན་པའི་སྟོབས་ཀྱིས་ [43A]༄༅། །བསྲེ་ཚུལ་ནི། ཚེ་འདིར་རླུང་དབུ་མར་འཇུག་པའི་ནུས་པ་མ་ཐོབ་ཀྱང་འཆི་བའི་ཚེ་སྨིག་རྒྱུ་ནས་འོད་གསལ་གྱི་བར་འབྱུང་ཚུལ་རྣམས་ལེགས་པར་ངེས་ནས། ཡང་ཡང་ཡིད་ལ་བྱས་པའི་གོམས་པ་ཤུགས་ཅན་ཡོད་པའི་གང་ ཟག་གིས་འཆི་བར་ཐག་ཆོད་པ་ན། ལོངས་སྤྱོད་ཐམས་ཅད་དགེ་ཕྱོགས་སུ་བཏང། ལུས་དང་ཉེ་འབྲེལ་སོགས་ཚེ་འདིའི་སྣང་བ་གང་ལ་ཡང་ཞེན་ཆགས་མེད་པར་བྱས། དབང་མཚན་ཉིད་དང་ལྡན་པས་སྔགས་སྡོམ་སོར་ཆུད། བླ་མའི་རྣལ་འབྱོར་ བསྒོམས་ནས་གསོལ་བ་དྲག་པོ་བཏབ། དེ་ནས་སྔར་བླ་མས་ཕོག་པའི་གདམས་ངག་གི་དམིགས་པ་ཡིད་ལ་གསལ་བཏབ། རང་ལྷག་བསྒོམས་ནས་སྨིག་རྒྱུ། དུ་བ། མཁའ་སྣང། མེ་ཁྱེར། མར་མེ་འབར་བ། སྣང་མཆེད་ཐོབ་གསུམ་འོད་ གསལ་དང་བཅས་པའི་སྣང་བ་རིམ་གྱིས་ཤར་བ་ན། ཆོས་སྐུ་དང་བསྲེ་བའི་ཚུལ་སྔར་བཤད་པ་ལྟར་བྱས་ནས་རྩེ་གཅིག་ཏུ་འཇོག་པ་ནི། འདུན་པའི་སྟོབས་ཀྱིས་ཆོས་སྐུ་དང་བསྲེ་བ་ཡིན་ནོ། །དེ་ཡང་སྤྱིར་འཆི་བ་ཆོས་སྐུ་དང་བསྲེ་བའི་གདམས་ ངག་རྣམ་པ་གསུམ་སྟེ། ཚེ་འདིར་སྔར་ནས་སྙིང་གའི་རྩ་མདུད་ལྷག་མ་མ་ལུས་པར་གྲོལ་ནས་སྤྱོད་པ་མ་གྲུབ་པ་དང་དེ་ཙམ་གྱི་རྟོག་པ་མ་ཐོབ་ཀྱང་ངག་དབེན་མན་ཆད་ཀྱི་རླུང་དབུ་མར་ཐིམ་པའི་རྟགས་རྣམས་གྲུབ་པ་དང། འཆི་བའི་སྔོན་དུ་རླུང་ དབུ་མར་གཏན་ནས་འཇུག་མ་ཐུབ་པའི་གང་ཟག་གསུམ་ཡོད་པ་ལས་གསུམ་པོ་དེས་བར་དོ་ལོངས་སྐུར་ལྡང་ཚུལ་མི་འདྲ་བ་གསུམ་འབྱུང་སྟེ། གང་ཟག་དང་པོ་དེས་འཆི་བ་འོད་གསལ་དཔེའི་འོད་གསལ་དུ་བསྐྱེད་ནུས་པས་དེ་ལས་ལྡང་བ་ན་ [43B]ལ་རྡོ་རྗེ་འཆང་གི་སྐུར་དངོས་གནས་ལ་ལངས་ནས། དེའི་རྒྱུན་ལ་སངས་རྒྱ་བ་ཡིན་ནོ། །གང་ཟག་གཉིས་པ་དེས་འཆི་བ་འོད་གསལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ངོ་བོར་བསྐྱེད་ནས་ དེ་ལས་ལྡང་བ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་དངོས་གནས་ལ་རྡོ་རྗེ་འཆང་གི་སྐུར་མ་གྲུབ་ཀྱང། རང་གི་ཡིད་ངོར་རྡོ་རྗེ་འཆང་གི་སྐུའི་རྣམ་པར་ཁྲིག་སྟེ་ལངས་པའི་སྣང་བ་འབྱུང་ངོ། །གང་ཟག་གསུམ་པས་འཆི་བའི་འོད་གསལ་གྱི་ཚེ་སྟོང་ཉིད་ཀྱི་ལྟ་བ་ རྣམ་དག་ལ་འཇོག་ནུས་ཀྱང། དེ་ལྟར་ལྡང་བ་ན་རྡོ་རྗེ་འཆང་གི་སྐུར་རང་ལ་སྣང་བའི་ལྡང་ཚུལ་ཀྱང་མི་ནུས་པས། བར་དོ་རང་དགའ་བའི་ལུས་གྲུབ་ནས་བར་དོ་ལ་བར་དོར་ངོ་ཤེས་པ་ན་བར་དོའི་ལུས་འདི་རྡོ་རྗེ་འཆང་གི་སྐུར་བསྒོམ་པ་ཡིན་ལ། དེ་དག་ ནི་གང་ཟག་དེ་རྣམས་ཀྱི་བར་དོ་ལོངས་སྐུ་དང་བསྲེ་བ་ཡིན་ནོ་།དེ་ནས་ཡིད་ངོར་རྡོ་རྗེ་འཆང་གི་སྐུར་ལངས་པ་དང། བར་དོ་ངོ་ཤེས་ནས་རྡོ་རྗེ་འཆང་གི་སྐུར་བསྒོམ་པ་གཉིས་ཀྱིས་བར་དོའི་སྣང་བ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་ལ་རྣམ་པ་རྡོ་རྗེ་འཆང་ གི་རྣམ་པར་ཤར་བའི་ལྷའི་ངོ་བོར་བསྒོམས་ནས། སྐྱེ་གནས་སོགས་ཐམས་ཅད་ལ་ཆགས་སྡང་དང་ཞེན་པ་བཀག་སྟེ། གང་དུ་སྐྱེ་བའི་ཕ་མ་རྡོ་རྗེ་འཆང་ཡབ་ཡུམ་དུ་བསྒོམས་ནས་དེ་ལ་རང་ཡེ་ཤེས་སེམས་དཔའི་ཚུལ་དུ་འཇུག་པ་ནི་སྐྱེ་བ་སྤྲུལ་སྐུ་ དང་བསྲེ་བ་ཞེས་བྱའོ། །དེ་ལྟར་ཚེ་འདིར་རླུང་དབུ་མར་བཅུག་ནས་ཆོས་སྐུ་དང་བསྲེ་ནུས་པའི་གང་ཟག་གིས་འཆི་བ་འོད་གསལ་ལས་བར་དོར་རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ལངས་ཏེ། རང་འདོད་ན་མཁའ་སྤྱོད་ལ་སོགས་པའི་གནས་སུ་འཕོ་བར་ནུས་ལ་ [44A]༄༅། །སྔར་བཤད་པ་ལྟར་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའི་གདམས་ངག་གིས་མིའི་སྐྱེ་གནས་སུ་འཇུག་ནའང་སྔགས་བསྒྲུབ་པའི་རྟེན་ཁྱད་པར་ཅན་དུ་གདོན་མི་ཟ་བར་ སྐྱེས་ནས་ཚེ་དེ་ལ་ལམ་གྱི་རྟོགས་པ་ཁྱད་པར་ཅན་བསྐྱེད་དེ། དེ་ནས་སྐྱེ་བ་མང་པོ་མི་ཐོགས་པར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བོ། །ཚེ་འདིར་རླུང་དབུ་མར་ཞུགས་པའི་རྟོགས་པ་མ་ཐོབ་ཀྱང། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དང་བསྲེ་ཚུལ་གྱི་གོ་བ་ ལེགས་པར་ཆགས་ནས། འཆི་ཁར་དམ་ཚིག་དང་སྡོམ་པ་སོར་བཅུག་སྟེ་བླ་མའི་མན་ངག་གི་སྒོ་ནས་འདུན་པའི་བསྲེ་བའི་གདམས་ངག་སྔར་བཤད་པའི་ཐ་མ་དེས་ཀྱང་འདུན་པའི་སྟོབས་ཀྱིས་སྔར་བཞིན་བསྲེས་པས། སྔགས་གྲུབ་པའི་རྟེན་དུ་ སྐྱེས་ཏེ་སྔགས་ཀྱི་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དང་ཕྲད་ནས་གདམས་ངག་ཕྱིན་ཅི་མ་ལོག་པ་ཐོབ་སྟེ་རྟོགས་པ་ཁྱད་པར་ཅན་བསྐྱེད་པས། དེ་ནས་ངན་སོང་དུ་འགྲོ་བ་མི་སྲིད་པའི་ཕྱིར། སྐྱེ་བ་ཐམས་ཅད་དུ་སྔགས་གྲུབ་པའི་རྟེན་ འབའ་ཞིག་ཏུ་སྐྱེ་ལ། དེ་ཡང་སྐྱེ་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྟོགས་པ་གོང་ནས་གོང་དུ་འགྱུར་བའི་སྒོ་ནས་མྱུར་དུ་སངས་རྒྱ་བར་གདོན་མི་ཟའོ། །གལ་ཏེ་གདམས་ངག་དང་ལྡན་པའི་གང་ཟག་ལ་སྣང་མཆེད་ཐོབ་གསུམ་སོགས་རིམ་གྱིས་ འབྱུང་བ་མིན་པའི་གཡང་དུ་ལྷུང་བ་སོགས་ཀྱིས་གློ་བུར་དུ་འཆི་དགོས་པ་བྱུང་ན། ཚེ་འདི་ལ་སྲེད་པ་རྦད་བཅད་ནས་སྣང་བ་འདི་ཐམས་ཅད་ཡུལ་སྟེང་ནས་གྲུབ་རྒྱུ་མེད་སྙམ་པའི་བདག་མེད་པའི་སྟེང་དུ་བཞག་ནས་བར་དོ་གྲུབ་པའི་ཚེ་བསྲེ་ཚུལ་སྔར་ [44B] དེ་ལྟར་བྱས་པས་གདོན་མི་ཟ་བར་ངན་འགྲོ་ལས་ཐར་རོ།། ༈ །དཔལ་ལྡན་བླ་མའི་ཐུགས་ཀྱི་བང་མཛོད་ལས། །མན་ངག་ཡིད་བཞིན་ནོར་བུའི་ཚོགས་བླངས་ཏེ། །བརྩོན་པས་ཉམས་ པ་མེད་པའི་བྱི་དོར་བྱས། །སྐལ་བཟང་ཐེག་པ་མཆོག་གི་རིགས་ལྡན་ཞིང། །རྣམ་དཔྱོད་དམ་ཚིག་ལྡན་པའི་སློབ་མ་ཡིས། །མཆོག་ཏུ་དད་པའི་གསུང་གིས་བསྐུལ་བའི་ངོར། །རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱལ་མཚན་གྱིས། །ལྷག་བསམ་དག་པའི་ སེམས་ཀྱིས་སྦྱར་བ་ལ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །རབ་དཀར་དགེ་བའི་མཐུ་ཡིས་འགྲོ་བ་ཀུན། །སྐྱེ་ཤི་བར་དོའི་གཡང་ས་ལས་གྲོལ་ནས། །རྣམ་མཁྱེན་ཐར་པའི་ཁང་བཟང་ཉམས་དགའ་བར། །ཟག་ མེད་བདེ་བའི་དཔལ་ལ་སྤྱོད་པར་ཤོག་རྗེ་བཙུན་མར་པ་ལྷོ་བྲག་པའི་གདམས་པ་བསྲེ་འཕོའི་གདམས་པའི་གནད་མ་ལུས་པ། རྗེ་བཙུན་འཇམ་དཔལ་དབྱངས་དང་གྲུབ་ཆེན་གྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྗེ་བཙུན་ཙོང་ཁ་ པས་རྙེད་པའི་ཚུལ་གསང་བའི་རྣམ་པར་ཐར་པ་ནས་འབྱུང་ནའང་རྗེ་ཡབ་སྲས་རྣམས་ཀྱི་གསུང་རབ་རྣམས་སུ་བཤད་པ་རྒྱས་པར་བཀོད་པ་ལ་བརྟེན་ནས་གོ་བའི་སྤྱི་ལེགས་པར་ཆགས་ཐུབ་པ་ཡོད་མོད། ཉམས་ལེན་ལ་དྲིལ་བའི་ཚེ་གདམས་ ངག་གི་གནད་ཞིབ་ཆ་ཞལ་ལས་ཤེས་དགོས་པ་རྣམས་གསལ་བར་སྟོན་ཏེ། བསྲེ་བའི་ཚུལ་བདག་གིས་རྒྱས་པར་བཀོད་པ་ལས། སླར་ཡང་ལག་ཏུ་བླང་བའི་ཕྱིར་ཉུང་ངུར་བསྡུས་ནས་སྦྱར་བའི་དགེ་བས་བདག་དང་དམ་ཚིག་ལྡན་ [45A]༄༅། །པའི་སློབ་མའི་ཚོགས་རྣམས་སྐྱེ་བ་འདིའི་འོག་རོལ་ཏུ་མཁའ་སྤྱོད་དང། རིག་པ་འཛིན་པའི་སྐྱེ་གནས་སུ་སྐྱེ་བར་གྱུར་ཅིག་ས་མ་ཡ་མུ་ཁ། འདིས་ཀྱང་བསྟན་པ་རྒྱས་པར་གྱུར་ཅིག་། འདི་ཡང་ཆོས་རྗེ་ བ་སོ་བའི་ཟིན་བྲིས་སོ།། ༈ །།བཅུ་གསུམ་པ་འཕོ་པའི་ཡིག་ཆུང་ལ་གཉིས། རྩ་བ་དང་ཡན་ལག་གོ་དང་པོ་ནི། རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འཕོ་བའི་རྣལ་འབྱོར་གྱི་ཡི་གེ་བཀོད་པའི་སྐབས་སུ་ སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་སྲོག་འཛིན་གྱི་རླུང་གི་ངོ་བོ་རླུང་གི་དཀྱིལ་འཁོར་གཞུ་གདུངས་པ་ལྟ་བུ་ཐུར་དུ་ལྟ་བའི་དཀྱིལ་ནས་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་མགོ་ཐུར་དུ་ལྟ་བ། ཧཱུཾ་གི་ཀླད་ཀོར་གྱི་འོག་ཏུ་རྣམ་ཤེས་ཀྱི་ བཞོན་པར་གྱུར་པའི་རླུང་མཚོན་བྱེད་ཡུཾ་ཡིག་གཉིས་མགོ་ཐུར་དུ་བསྟན་ཏེ་གཤིབས་པའི་ཡུཾ་གྱི་ཞབས་ཀྱུ་གཉིས་ཀྱི་བར་དུ་ཧཱུཾ་ཡིག་ཀླད་ཀོར་ཆུད་ཙམ་བྱེད་ཅིང། ཡུཾ་གཉིས་པོ་དེའི་བར་དུ་ཧཱུཾ་ཡིག་མགོ་ཐུར་དུ་བལྟ་བ་ཆུད་པར་བྱེད། ཧཱུཾ་ཡིག་གི་ ཞབས་ཀྱུའི་སྟེང་དུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་གཉིས་མགོ་ཐུར་དུ་ལྟ་བའི་ཡུཾ་གཉིས་ཀྱི་ཀླད་ཀོར་གྱི་བར་དུ་ཧཱུཾ་གི་ཞབས་ཀྱུ་ཆུད་ཙམ་བྱེད་ཅིང། ཡུམ་གཉིས་པོ་དེའི་བར་དུ་ཀ་ཡིག་མགོ་ཐུར་དུ་ལྟ་བ་ཆུད་པར་བྱེད་དོ། །དེ་ ལྟར་བྱས་པས་འཕོ་ཁྲིད་ཆེན་མོ་དང། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྲེ་འཕོའི་མན་ངག་དང། མན་ངག་སྙེ་མ་རྣམས་དང་མི་འགལ་ཞིང། དགོངས་པ་གཅིག་པའི་དེས་པ་བདེ་བླག་ཏུ་སྟེར་བར་འགྱུར་ཞིང། འཕོ་ཁྲིད་ཆེན་མོའི་སྐབས་དང་ [45B]ཁོང་དུ་ཆུད་པར་འགྱུར་རོ། །འཕོ་བའི་སྐབས་ཀྱི་ཡུམ་ཡིག་གཉིས་ཀ་མགོ་གྱེན་ལྟ་བྱེད་པའི་དོན་ཧཱུཾ་ཡིག་གི་མགོ་ཕྱོགས་ལ་སྟེང་དུ་བྱས་ནས་དེ་ལྟར་བྱ་ལ། གྱེན་དུ་ལྟ་ཞེས་གསུངས་ པ་ཡིན་ཅིང། ཧཱུཾ་དང་མགོ་བོ་ལྟ་ཕྱོགས་མི་འདྲ་བ་མིན་ནོ་།སྲོག་འཛིན་གྱི་རླུང་མཚོན་བྱེད་ཀྱི་དཀྱིལ་འཁོར་གཞུ་གདུངས་པ་ལྟ་བུའི་དབུས་སུ་བསྒོམ་ཞེས་པའི་དོན་ཤེལ་དྭངས་པའི་ཕྲེང་བའི་དཀྱིལ་ནས་ཡར་ཕྲེང་ཐག་ཡོད་པ་ལྟར་བསྒོམ་པ་ མན་ངག་ཡིན་ནོ། །སྙིང་གར་ཡི་གེ་ལྔ་ཞེས་དངོས་སུ་གསུངས་ཤིང། འདིར་ཡི་གེ་བདུན་དུ་བྱེད་པ་མི་འགལ་ཏེ། སྟེང་གི་ཡུཾ་གཉིས་པོ་ངོ་བོ་གཅིག་དང། འོག་གི་ཡུཾ་གཉིས་པོ་ངོ་བོ་གཅིག་པས་སྐྱོན་མེད་དོ། །མན་ངག་འདི་དང་མི་ལྡན་པར། ། འཕོ་བའི་ཉམས་ལེན་བྱེད་པ་ཀུན། །སྨིག་རྒྱུའི་ཆུ་ལ་འཐུང་དང་མཚུངས། །དེ་བས་འདི་ལ་གཅེས་པར་བཟུང། ། འཕོ་བའི་མན་ངག་ཤིན་ཏུ་གཅེས་པའི་ཡིག་ཆུང་མཁས་གྲུབ་རྗེས་ཟིན་བྲིས་མཛད་པ་བཀའ་རྒྱ་དམ་པར་ཡོད་དོ།། ༈ །།གཉིས་ པ་དེའི་ཡན་ལག་རྒྱས་པར་བཤད་པ་ནི། དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་བཟུང་དུ་གསོལ། འཕོ་བ་བསྡུས་ཏེ་ཉམས་ སུ་བླང་ཚུལ་ནི། ད་ལྟ་ནས་སྒོམ་པར་བྱེད་ཚུལ་དང། དུས་ཐ་མར་ལས་ལ་སྦྱོར་ཚུལ་གཉིས། དང་པོ་ནི། རང་ཡི་དམ་ལྷ་གང་ཡིན་དུ་བསྒོམ། ལུས་ཀྱི་དབུས་དྲང་པོ་ནས་རྩ་དབུ་མ་ཐལ་མར་སྟེང་འོག་ཏུ་ཡོད་པའི་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ [046A]༄༅། །ནང་ན་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པ། དེའི་མགོ་བོའི་འོག་ཏུ་ཡུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པ་གཉིས་ཀྱི་མཇུག་མའི་ཧཱུཾ་ཡིག་མགོ་བོ་གཡས་གཡོན་ནས་བརྟེན་པ། དེའི་འོག་ཏུ་ཀ་ཡིག་ སྔོན་པོ་མགོ་ཐུར་དུ་བལྟས་པའི་མཇུག་མ་ཡུཾ་ཡིག་གཉིས་ཀྱིས་མཇུག་མས་གཡས་གཡོན་ནས་བརྟེན་པ། ཧཱུཾ་གི་ཞབས་ཀྱུའི་སྟེང་དུའང་ཡུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པ་གཉིས་ཀྱིས་ཧཱུཾ་གི་ཞབས་ཀྱུའི་གཡས་གཡོན་ནས་བརྟེན་པ། དེའི་སྟེང་དུ་ ཧཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པའི་མགོ་བོ་ཡུཾ་ཡིག་གཉིས་ཀྱི་མཇུག་མས་གཡས་གཡོན་ནས་བརྟེན་པ་གསལ་བཏབ། རང་གི་ཤེས་པ་དབུས་ཀྱི་ཧཱུཾ་ཡིག་དང་དབྱེར་མེད་དུ་བྱས་ནས་སྤྱི་བོ་ཚངས་བུག་གི་བར་གྱི་དབུ་མའི་ནང་མར་མེ་བཏེག་པ་ བཞིན་གསལ་སིང་ངེ་མཐོང་བར་མོས། ཚངས་བུག་གི་ནང་ན་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟས་པས་བཀག་པར་བསྒོམ། དེ་ནས་རླུང་ཕྱིར་འགྲོ་བ་ན་སྙིང་གའི་ཡི་གེ་ཐམས་ཅད་མགོ་གྱེན་དུ་ལྟ་བ་དང་མཉམ་དུ་སྔར་གྱི་ཡི་གེ་བརྩེགས་པའི་རིམ་ པ་དེ་འགྱུར་ནས་སྔར་འོག་ན་གནས་པའི་ཀ་ཡིག་སྔོན་དུ་འགྲོ་དེའི་རྗེས་སུ་འོག་གི་ཡུཾ་ཡིག་གཉིས། དེའི་རྗེས་སུ་དབུས་ཀྱི་ཧཱུཾ་དེའི་རྗེས་སུ་སྟེང་གི་ཡུཾ་ཡིག་གཉིས། དེའི་རྗེས་སུ་སྟེང་གི་ཧཾ་ཡིག་གཉིས་འགྲོ་བའི་ཚུལ་གྱིས་རླུང་གིས་བདས་ནས་ ཚངས་བུག་གི་ཧཾ་ཡིག་ལ་རེག་པ་ཙམ་དུ་ཐལ་མར་འགྲོ་བར་བསྒོམ་རླུང་ནང་དུ་འཇུག་པ་ན་ཡི་གེ་རྣམས་མགོ་མཇུག་བསྒྱུར་ནས་སྔར་སྙིང་གར་གནས་པའི་རིམ་པ་བཞིན་དུ་བྱས་ཏེ། རླུང་གིས་ཐུར་དུ་བདས་ནས་སྙིང་གའི་རྩ་འཁོར་གྱི་དབུས་སུ་འོངས་ [046B]བྱེད་བ་བར་མ་ཆད་པ་ཅི་ཙམ་ནུས་ནུས་ཀྱི་བར་བསྒོམ། སྤྱི་གཙུག་ཟ་བ་དང་འཕྲིག་པ་སོགས་བྱུང་ན་ལེགས་པོ་འབྱོངས་པ་ཡིན་པས་ནུས་པ་མི་ཉམས་ཤིང་བརྟན་པ་ཐོབ་པའི་ཕྱིར་དེ་ ནས་ཀྱང་རྒྱུན་ལྡན་དུ་བསྒོམ་དགོས་སོ། །གོང་གི་ཡི་གེ་རྣམས་ཚང་བར་བསྒོམ་མ་ནུས་ན་སྙིང་གའི་དབུས་སུ་ཧཱུཾ་ཡིག་གཅིག་པུ་བསྒོམ། དེ་དང་ཤེས་པ་བསྲེས་ནས་སྔར་ལྟར་སྦྱོང་བ་ཡིན་ནོ་།ལས་ལ་སྦྱོར་བ་ནི། དུས་ལ་བབ་པའི་ཚེ་ལུས་ལོངས་ སྤྱོད་ལ་ཆགས་ཞེན་སྤངས། སྤྱི་གཙུག་གི་ཧཾ་ཡིག་གསལ། སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུ་བསྒོམ། གསོལ་པ་དྲག་ཏུ་བཏབ། རང་གི་ཤེས་པ་ཧཱུཾ་དང་བསྲེས། ཧིག་ཉེར་གཅིག་བརྗོད་པ་དང་ཤེས་པ་ཧཱུཾ་དང་བསྲེས་པ་དེ་དབུ་མའི་ནང་ ནས་གྱེན་དུ་སོང་སྟེ། ཚངས་བུག་སྐར་ཁུང་ཁ་བྱེ་བ་འདྲ་བ་དེ་ནས་ཐལ་མར་ཐོན་ཏེ་བླ་མའི་ཐུགས་ཀར་ཐིམ་པས། ཆོས་སྐུའི་ངང་དུ་དབྱེར་མེད་དུ་འདྲེས་པར་བསྒོམ། དེ་ལྟར་བྱས་པས་མཁའ་སྤྱོད་ལ་སོགས་པའི་གནས་སུ་འགྲོ་བར་གདོན་མི་ ཟའོ། །བློ་མཆོག་ཏུ་གྱུར་པས་ནི་རིགས་དྲུག་གི་གནས་སོ་སོར་འཕོ་བའི་སྒོ་དགུར་ཡི་གེ་བཀོད་ནས། འགོག་པའི་རྣལ་འབྱོར་གྱིས་སྒོ་དེ་དག་ནས་རྒྱུ་བའི་རླུང་རེངས་པར་བྱེད་པ་དང། ལྟེ་བར་བུམ་པ་ཅན་གྱི་རྣལ་འབྱོར་གྱིས་རླུང་དྷཱུ་ཏཱིར་འཇུག་པ་ལ་ འབད་ནས། དེའི་རྗེས་སུ་ལྟེ་བའི་བུམ་པ་ཅན་གྱི་རླུང་དྷཱུ་ཏཱིར་ཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ལས་ལྡང་བར་རྩོམ་པ་ན་དྷཱུ་ཏཱིའི་དབུས་ཀྱི་གཏུམ་མོའི་མེ་ཤིན་ཏུ་ཕྲ་ཞིང་རྣོ་བ་གྱེན་དུ་སོང་སྟེ། སྙིང་གའི་དྷཱུ་ཏཱིའི་ནང་གི་ཡི་གེ་རྣམས་ལ་ [047A]༄༅། །ཕོག་པས་ཡི་གེ་རྣམས་སྔར་བཤད་པ་བཞིན་མགོ་གྱེན་དུ་ལྡོག་པ་དང་མཉམ་དུ་སྙིང་གའི་རྩ་འདབ་རྣམས་གདུགས་ཁ་སྤུབ་པ་ལྟ་བུའི་དབྱིབས་སུ་ཡོད་པ་དེ་གྱེན་དུ་ལྡོག་ནས། གདུགས་ཁ་གྱེན་དུ་བསྟན་པ་ལྟ་བུར་ བསྒོམ་ཞིང། ཡི་གེ་རྣམས་ཐུར་དུ་བབས་ཏེ་སྙིང་གར་སླེབ་མ་ཐག་སྔར་བཞིན་རྩ་འདབ་ཁ་ཐུར་ལྟས་སུ་སོང་བར་བསྒོམ་པ་ཡིན་ནོ་།སྒོ་དགུའི་ཡི་གེ་འགོད་ཚུལ་ཁྲིད་ཡིག་ཆེན་མོ་གསེར་གྱི་སྒོ་འབྱེད་དུ་མཛད་པ་ལྟར་ཡིན་ཅིང། ཆོས་རྗེ་ཤཱཀ་ ཡེས་པ་ལ་གནང་བའི་ཡིག་ཆུང་དུ་སྟེང་འོག་ཏུ་ཡུཾ་ཡིག་རེ་རེ་ལས་མ་གསུངས་ཤིང། ཡི་གེ་འགའ་ཞིག་མགོ་གྱེན་བསྟན་དང། ཁ་དོག་དཀར་པོར་མཛད་ཀྱང་ཕྱིས་ཁྲིད་ཡིག་ཆེན་མོར་སྔར་བཞིན་དུ་མཛད་པ། མཁས་གྲུབ་ཐམས་ཅད་མཁྱེན་པ་ ནས་བརྒྱུད་པ་དང། ཇི་གདན་བསོད་ནམས་ལྷུན་གྲུབ་ནས་བརྒྱུད་པ་གཉིས་ཀ་ཡིག་ཆུང་བདུན་དང། འགོད་ཚུལ་སྔར་ལྟར་མཛད་པ་ཡིན་ཅིང། ཡིག་ཆར་མི་གསལ་བ་བླ་མས་བསྟན་དགོས་པའི་ཞལ་ཤེས་ནི་རྩ་འཁོར་ལྡོག་པ་དང། ཡི་གེ་ལྡོག་ པའི་ཚུལ་ཡིན་ལ། རྩ་འཁོར་ལྡོག་པའི་ཚུལ་ནི། གདུགས་ཕྱི་ནང་བསྒྱུར་བ་བཞིན་བླ་འོག་བསྒྱུར་བ་མིན་གྱིས། དམིགས་པ་སྔར་བཞིན་བྱས་པ་ན་རྩ་འཁོར་གྱི་ལྟེ་བ་ལ་འོག་ནས་འོང་བའི་རླུང་འཕོག་པའི་ཤུགས་ཀྱིས་དར་གྱི་ཤམ་བུ་གྱེན་དུ་བཏེག་ པ་བཞིན་བསྒོམ་པ་ཡིན་ལ། འཆི་བའི་དུས་སུའང་སྙིང་གར་རླུང་འདུས་པ་ན་རྩ་འདབ་གྱེན་ལ་ཕྱོགས་ཚུལ་དེ་བཞིན་དུ་འོང་བ་ཡིན་ནོ། །ཡི་གེ་ལྡོག་པའི་ཚུལ་ནི། དབྱུག་པ་མགོ་མཇུག་བསྒྱུར་བ་ལྟར་སོང་བར་བསྒོམ་པ་དང། ཁ་ཅིག་ཐང་སྐུའི་ [047B]སྟེང་འོག་བསྒྱུར་བར་བསྒོམ་པ་རྣམས་ནི་དོན་མ་གོ་བར་བློས་བཏགས་ཀྱིས་ཚོད་འཇོག་པ་ཡིན་པས་མི་རུང་ངོ། །དེས་ན་ཡི་གེ་དེ་དག་གི་ཕྱི་རོལ་ཏུ་རླུང་ཕོག་པས་ཞྭ་རླུང་གིས་ཁྱེར་བ་ལྟར་སོང་ བ་མ་ཡིན་གྱི། དྷཱུ་ཏཱིའི་ནང་ནས་གྱེན་དུ་འོངས་པའི་རླུང་དེ་ཡི་གེ་དེ་དག་གི་ནང་དུ་ཞུགས་པས་རེ་རེ་ཞིང་ཕྱི་ནང་ལོག་སྟེ་རླུང་དང་ལྷན་ཅིག་ཏུ་སྟེང་དུ་སོང་བས། དར་གྱི་སྦུ་གུའི་ནང་དུ་དབྱུག་པ་བརྫངས་ནས་ཕྱི་ནང་ལོག་བ་ན་འོག་ན་གང་ཡོད་པ་དེ་ད་བྱུག་པའི་རྩེ་ལ་ བླངས་ཏེ་སྟེང་དུ་འོང་ལ། སྔར་སྟེང་ན་གང་ཡོད་པ་དེ་དག་འོག་མར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་འོག་ཏུ་འཇུག་པ་ནའང་རླུང་སྣ་བུག་ནས་ནང་དུ་འཇུག་བ་ནའང། རླུང་གིས་ཀ་ཡིག་གི་རྩེ་ནས་སྔར་བཞིན་ལྡོག་པས་ཀ་ཡིག་ཕྱི་ནང་ལོག་པ་བཞིན་མགོ་ ཐུར་དུ་བསྟན་ནས་རླུང་གིས་རྩེ་ལ་སྔོན་དུ་ཁྱེར་ཏེ། གཞན་རྣམས་རེ་རེ་ནས་ལྡོག་པས་སྙིང་གར་བཀོད་པའི་རིམ་པ་བཞིན་བྱས་ནས་སྙིང་གར་སླེབ་པ་ན་དེའི་ཤུགས་ཀྱིས་རྩ་འདབ་རྣམས་ཀྱང་ཁ་ཐུར་དུ་ལྟ་བ་ཡིན་ནོ། །བླ་མའི་མན་ངག་ལས་ཤེས་དགོས་ པ་འདི་རྣམས་མ་གཏོགས་ཡིག་ཆར་གསལ་བ་ཁོ་ན་ཡིན་གྱི། འདི་དག་ལས་གཞན་པའི་མན་ངག་གཞན་གྱི་འཁྲིད་ལུགས་སྣ་རེ་ཙམ་མཐོང་བ་དང་ཐོས་པ་འདིར་བསྲེ་བ་དང། ཕོ་ཚོད་ཀྱིས་སྦྱར་བའི་ཡི་གེ་མང་དུ་བྱས་ནས་རྗེ་ཙོང་ཁ་པའི་ཞལ་ ཤེས་ཡིན་ནོ་ཞེས་སྨྲ་བ་ནི། རྙེད་པ་དང་བཀུར་སྟི་སྒྲུབ་པའི་ཕྱིར་ལུགས་མི་མཐུན་པ་རྣམས་གཅིག་ཏུ་བསྲེས་པས་འཆོལ་མའི་བུ་ལྟ་བུའི་གདམས་ངག་གིས་གཞན་རྣམས་སླུ་བར་བྱེད་པ་ཡིན་པས། བློ་གྲོས་དང་ལྡན་པ་ཡང་དག་པའི་ [048A]༄༅། །ལམ་དོན་དུ་གཉེར་པ་རྣམས་ཀྱིས་རིང་དུ་དོར་ཏེ་ལམ་བཟང་པོ་ལ་འཇུག་པར་བྱའོ།། ༈ །དད་པའི་རྒྱལ་མཚན་རྩེར་བཀོད་པས། །རྡོ་རྗེའི་ཚེ་ལ་དབང་ཐོབ་ནས། །བསམ་བཞིན་དག་ པའི་གནས་བགྲོད་ཤོག་ གཅུང་ཆོས་རྒྱལ་བའི་ཟིན་བྲིས་སོ་ །། །།།བཅུ་བཞི་པ་བོགས་འདོན་ལ་མདོར་བསྟན་རྒྱས་བཤད་གཉིས་ལས་དང་པོ་ནི། རྗེ་བཙུན་བླ་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དང་དཔའ་ བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་གྲུབ་རྒྱ་མཚོ་འདུ་བར་མཛོད། ལུས་དབེན་གྱི་སྐབས་སུ་དམིགས་རྟེན་གསལ་པོ་བྱུང་ཡང། རླུང་ཇི་ལྟ་བ་བཞིན་འདུ་མ་འདོད་ན་རྩའི་སྦུབས་ཐམས་ཅད་ནས་རླུང་སྤོས་རེང་གི་དུད་པའི་རྣམ་པ་ཅན་ སྟོད་སྨད་ཐམས་ཅད་ནས་དམིགས་པས་བཀུག་སྟེ། དམིགས་རྟེན་ལ་ཐིམ་པ་ཡང་ཡང་བྱས་པས་མྱུར་དུ་གནས་དེར་འདུས་ནས་རྟགས་རྣམས་འཆར་བའི་རླུང་གི་བོགས་འདོན་ཁྱད་པར་བ་ཡིན་ནོ། །ལུས་དབེན་སོགས་གང་གི་སྐབས་སུ་འང་སེམས་ རྨུགས་པ་དང་བྱིང་བ་སོགས་བྱུང་ན་རྩའི་ནང་ཐམས་ཅད་དང་ཁྱད་པར་དབུ་མའི་ནང་དུ་སྒྲོན་མེ་ཤིན་ཏུ་གསལ་བའི་འོད་ཀྱིས་ཁྱབ་པ་ལྟ་བུར་འཚོར་ཞིང་དྭངས་པ་བསྒོམ་པར་བྱའོ། །འདི་གསལ་བའི་བོགས་འདོན་ཡིན་ནོ། །དམིགས་པ་གསལ་ཡང་ བདེ་ཉམས་ཆུང་ན་རྩའི་ནང་ཐམས་ཅད་བྱང་སེམས་སྐར་མ་ཤར་བ་ལྟ་བུས་གང་བ། བདེ་བ་ཆེན་པོའི་ངོ་བོར་ཞུ་བ་རྣམས་དབུ་མ་ལ་ཕྱོགས་པར་རྒྱུག་པ། ཁྱད་པར་སྤྱི་བོའི་ཧཾ་ཞུ་བ་དགའ་བཞིའི་རིམ་པས་འོངས་པ་དང་འགྲོགས་ཏེ་ནོར་བུའི་རྩེར་སླེབས་ [048B] ལྷན་ཅིག་སྐྱེས་པའི་དགའ་བ་མྱོང་བར་བསམ་པ་ནི་རླུང་འདུ་ཞིང་བདེ་བའི་བོགས་འདོན་པ་ཡིན་ནོ། །གཉིས་པ་ནི་གཤེད་སྐར་སོགས་རྫོགས་རིམ་གཞན་གྱི་སྐབས་སུའང། དམིགས་རྟེན་ཐིག་ལེ་སོགས་གསལ་བཏབ་ནས་དེའི་རྗེས་སུ་སེམས་ ཐིག་ལེ་ལ་ཐིམ་པའི་ཚུལ་གྱིས་བཅུག་ནས། འཛིན་པའི་ཚུལ་ལ་མཁས་པར་བྱས་ཏེ་རྩེ་གཅིག་ཏུ་བསྒོམས་པས་རྟགས་བཞི་དང་སྟང་པ་བཞི་འཆར་ཞིང་དེ་དང་དུས་མཉམ་དུ་དགའ་བ་བཞི་ཡང་འདི་དག་གི་སྐབས་སུ་སྟོབས་ཆེ་བར་འབྱུང་མོད། འོན་ ཀྱང་དམིགས་པ་གསལ་ཉམས་ཆུང་བ་དང། བདེ་བ་ཤས་ཆུང་བ་བོགས་འདོན་པའི་ཞལ་ཤེས་ནི། རང་ཡི་དམ་དུ་གསལ་བཏབ་པའི་ལྟེ་བ་དང། གསང་གནས་སོགས་སུ་དམིགས་པ་གཏོད་པ་དང། ཕྲ་མོ་བསྒོམ་པ་སོགས་རང་རང་གི་དམིགས་རྟེན་ འོད་ཟེར་འཕྲོ་བ་འཚེར་བ་མེ་འབར་ལ་ཁད་ལ། །དེ་ནས་ཡུམ་གྱི་དྷཱུ་ཏཱིའི་ནང་ནས་རླུང་ཤིན་ཏུ་ཕྲ་བ་རྟ་རྔ་ལྟ་བུ་ཞིག་སྔོ་ཁྱུག་སྟེ་བྱུང་བས་དམིགས་རྟེན་ལ་འཕོག་པས། དམིགས་རྟེན་དེ་ལས་མེ་ལྕེ་ཕྲ་མོ་ཤིན་ཏུ་འཚེར་བ་ཞིག་ འཐོན་པའི་འོད་ཟེར་དྷཱུ་ཏཱིའི་ནང་ནས་ཡར་སོང་བས། ལུས་ཀྱི་ནང་དྷཱུ་ཏཱིའི་རྩ་འཁོར་ཐམས་ཅད་དང་དེ་ལས་གྱེས་པའི་རྩ་སོ་སོའི་ནང་ཐམས་ཅད་མུན་ཁུང་དུ་མར་མེ་བཏེག་པ་བཞིན་དུ་གསལ་བར་བསྒོམས་པས། དམིགས་པ་ཤིན་ཏུ་གསལ་ཉམས་ ཆེ་བར་འགྱུར། བདེ་བ་ཆེན་པོ་བསྐྱེད་པའི་བོགས་སྔར་ལྟར་འདྲ་བ་ལ་ཡུམ་གྱི་གསང་གནས་ནས་རླུང་གོང་ལྟར་བྱུང་ནས། རང་གང་དུ་དམིགས་པ་གཏད་པའི་ཐིག་ལེ་དང་ཡི་ག་སོགས་མེ་འབར་ལ་ཁད་པ་ཤིན་ཏུ་འཚེར་བ་དེ་ལ་ཕོབ་ [049A]༄༅། །ནས། དེ་ལས་མེ་ལྕེ་ཕྲ་མོ་ཤིན་ཏུ་རྣོ་བ་ཞིག་རྦད་ཆད་ནས་དབུ་མའི་ནང་ནས་ཡར་སོང་བའི་འོད་ཀྱིས་རྩ་སྦུབས་ཐམས་ཅད་གསལ་བའི་ནང་བྱིན་པོ་ནས་ཐིག་ལེ་དཀར་པོ་སྲན་མ་ཙམ་དང། ཡུངས་ཀར་ཙམ་གནས་པ་ཐམས་ ཅད་ནས་སྐར་མ་དང་ཟླ་བ་ཤར་བ་བཞིན་སོང་སྟེ་མཐོང་བས་བདེ་མེར་བྱུང་བར་བསམས་ཤིང། མེ་ཕྲ་མོ་དེ་སྐར་མདའ་འཕངས་པ་བཞིན་དུ་དབུ་མའི་ནང་ནས་གྱེན་དུ་སོང་སྟེ་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་ཧཾ་ཡིག་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་ བཞིན་མགོ་ཐུར་དུ་ལྟ་བ་དེ་ལ་ཕོག་པས། འོ་རྒྱལ་ཕུག་པ་བཞིན་དེའི་ནང་དུ་ཐིམ་སོང་ནས་ཧཾ་ཡིག་ལས་ཀྱང་བྱང་སེམས་དཀར་པོ་ཤར་ར་ར་བབས་པས། དམིགས་རྟེན་ཤིན་ཏུ་འཚེར་བ་དེ་ལ་ཕོག་པས་བདེ་མེར་བྱུང་བ་དང། མེའི་སྟེང་ན་མར་གྱི་ ཐིག་པ་ལྷུང་བ་བཞིན་དུ་སླར་མེ་འབར་པའི་སྟེང་དུ་བྱང་སེམས་འྦ་པས་བདེ་བ་མི་བཟོད་པ་འདྲ་བ་སྐྱེས་པར་བསྒོམ་ཞིང། འཛག་པའི་གེགས་བྱུང་གི་དོགས་པ་མེད་པ་འདི་ལྟའ་ཡང་ཡང་བསྒོམ་པ་དང། དམིགས་རྟེན་རྣམས་ཀྱང་བྱང་སེམས་ འཛག་ལ་ཁད་པའི་རྣམ་པར་བསྒོམ། རྗེ་རིན་པོ་ཆེའི་ཞལ་གྱི་གདམས་པ་མཁས་གྲུབ་རྗེས་ཟིན་བྲིས་མཛད་པའོ་ །། ༈ །།བཅོ་ལྔ་པ་གེགས་སེལ་ལ་གཉིས། རླུང་གི་གེགས་སེལ། ཐིག་ལེའི་གེགས་སེལ་བའོ་།དང་པོ་ལ་ གསུམ། ལུས་དབེན་གྱི་གེགས་སེལ། ངག་དབེན་གྱི་གེགས་སེལ། དབེན་གསུམ་བསྐྱེད་རིམ་དང་བཅས་པའི་གེགས་སེལ་ལོ། །དང་པོ་ནི། རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དང། དབའ་བོ་མཁའ་འགྲོའི་ཚོགས་ལ་ [49B] །དངོས་གྲུབ་རྒྱ་མཚོ་འདུ་བར་མཛོད། ལུས་དབེན་གྱི་སྐབས་སུ་དམིགས་པ་གསལ་པོ་བྱུང་ནའང་རླུང་ཇི་བཞིན་འདུ་མ་འདོད་ན། གསང་གནས། ལྟེ་བ། སྙིང་ག། མགྲིན་པ། སྤྱི་བོའི་རྩ་འདབ་རྣམས་དབུ་མ་ལ་ཟུག་པའི་ནང་ནས་ རླུང་རྣམས་ན་བུན་རྒྱུག་པ་ལྟར་བསྡུས་ནས་འོག་སྒོའི་ཕྲ་མོ་ལ་ཐིམ་ཞིང། དྷཱུ་ཏཱིའི་མར་སྣ་ནས་ཀྱང་རོ་རྐྱང་གི་ནང་ནས་ཀྱང་དེ་ལྟར་བྱུང་སྟེ་ཐིམ་པས། རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་ཡང་ཡང་བྱས་པས་མྱུར་དུ་གནས་དེར་ འདུས་ནས་རྟགས་རྣམས་འཆར་བས། འདིའི་བོགས་འདོན་ཅིང་གེགས་སེལ་བར་ཡང་འགྲོ། དེ་ལྟར་བསྒོམས་པས་རླུང་འདུས་ཀྱང་ལུས་ཀྱི་གནས་གང་ཡང་རུང་བར་ནད་བསྐྱེད་ན། གང་ནས་དེ་ནས་ནད་ཁ་དོག་སྔོ་དམར་གྱི་རྣམ་པ་ཅན། རླུང་དང་ལྷན་ ཅིག་ཏུ་བཀུག་སྟེ། དམིགས་རྟེན་ལ་ཐིམ་པར་བྱས་ན་ནད་སེལ་ཞིང་རླུང་འདུ་སླ་རུ་འགྲོ། རླུང་ཕྱིར་ཐོན་པའི་རྣམ་པ་བྱུང་བ་དང། ནད་བསྐྱེད་པ་ཀུན་ལ་བསྐྱར་བཞིན་བྱ། རླུང་ནང་དུ་འཇུག་པའི་རྟགས་བྱུང་ན་སྦྱོར་བ་འཇམ་ལ་དམིགས་པ་རྣོ་བར་བྱས་ ལ་སྐྱོང། རླུང་པགས་མཚམས་སུ་ཞུགས་ཏེ་ཁོལ་བུར་སྐྲངས་ནས་ན་ན། གང་ན་ས་དེར་བདེ་བའི་ངོ་བོར་ལྟ་བ་དང། གྲོགས་གཅིག་དང་རང་གཉིས་ཀས་ན་ས་དེར་སེམས་གཟུང་ལ་གཉིས་ཀས་རླུང་དུས་མཉམ་དུ་བཟུང་ལ་གྲོགས་ཀྱིས་ན་ས་དེར་ཉེད་ རླུང་མི་ཐུབ་ན་དུས་མཉམ་དུ་བཏང་ངོ། །གཉིས་པ་ནི། སྙིང་གའི་ཟུག་དེ་སྲོག་འཛིན་སྙིང་གར་རེངས་པ་ཤས་ཆེ་བས། གོ་ལྡོག་པའི་སྦྱོར་བ་ཞེས་བྱ་བ་སྙིང་མགོ་ཐུར་དུ་བསྟན་ནས་ཡོད་པ་དེ་བསམ་པས་གྱེན་དུ་བསླངས་ལ། སྙིང་པདྨ་ཁ་བྱེ་ [050A]༄༅། །བ་ལྟར་གཤག་གིས་གྱེས་པར་བསམས་ལ། ཆུ་སེར་དང་རླུང་ཐོན་པར་བསམ། དེ་ནས་ཤེས་པ་མི་བཞུར་བར་ཆ་ལེ་བཞག་དེས་སེལ། དེས་མ་ཞི་ན་བསྲེག་པའི་སྦྱོར་བ་བྱ་བ་སྟེ། ལྟེ་བར་གཏུམ་མོའི་ཡེ་ཤེས་ཀྱི་མེ་ སྦར་ཏེ། དེ་ཡང་ཆེ་བ་ཚ་བ་བསྲེག་པའི་རྣམ་པ་འབར་བ་དེས་ལུས་ཐམས་ཅད་གང་སྟེ་སྙིང་ཐལ་བར་བུན་གྱིས་ཚིག་པར་བསམས་ལ། ཐུན་ཅི་རིགས་པར་བཞག་པས་ཞིའོ། །དེས་མ་སེལ་ན་སྙིང་ཕྱུང་ཞིང་སྦ་བའི་སྦྱོར་བ་བྱ་སྟེ། སྙིང་སྲོག་རྩ་དང་ བཅས་པ་དམར་རྩར་གྱིས་ཕྱུང་ནས་ནམ་མཁའི་མཐར་བསྐྱུར་བ་འམ། ས་འོག་རིམ་པ་དགུའི་འོག་ཏུ་སྦ་བར་བསམས་པས་ངེས་པར་འཕྲལ་དུ་ཞིའོ། །ཨེལ་སྟོང་ན་བ་དེ་གྱེན་རྒྱུ་མགྲིན་པར་རེངས་པ་ཤས་ཆེ་བས་གཙོ་བོ་གསུམ་གྱི་སྦྱོར་བ་བྱ་སྟེ། མགྲིན་ པ་ཉི་མར་བསྟན་ལ་གང་ན་བའི་ཐད་དེར་ལག་པ་མེའམ་ཉི་མ་ལ་བསྲོས་ལ་དེས་མནན་ཟིན་དལ་གྱིས་བཅག་དེས་སྐྲངས་པོ་དངོས་སུ་ཞི་བ་དང། དྲོད་མ་སྐྱས་པ་དང། ཆུ་སེར་མ་གཡོས་པ་སྟེ་ཚད་དེ་གསུམ་ལས་འདས་ན་སྐྱོན་དུ་འགྱུར་རོ། །དེས་ ཞིའོ། །ཕ་བ་རླུང་གིས་ཁངས་པ་ལྟ་བུ་མ་བདེ་བ་ཡོད་ན་མཉམ་གནས་ལྟེ་བར་རེངས་པ་ཤས་ཆེ་བས་དེ་བསལ་བ་ནི། ཤིང་རིང་གི་རྟ་ལ་བསྐྱོན་པར་བྱ་སྟེ། རྩིག་པ་གཉིས་ཀྱི་བར་དུ་ཤིང་རིང་པོ་ལྡེམ་པ་ཞིག་བཏང་ལ། དེ་ལ་རས་སམ་སྣམ་བུ་ ཞིག་གིས་དཀྲིས་ཏེ། གསུས་པ་ལྷན་གྱིས་གླན་ཏེ་རྐང་ལག་བཞི་ཐངས་ཀྱིས་བརྒྱངས་ལ་དྲག་ཏུ་ཕར་བསྟན་ཚུར་བསྟན་བྱ་ཞིང་གསུས་པ་ཤིང་གིས་མཉེ། དེ་ནས་གསུས་པ་ལ་དྲིལ་བ་ཡང་ཡང་བྱ་དེ་གཉིས་སྤེལ་མར་བྱ། རླུང་ཁ་ནང་ [050B]ཐུན་གསུམ་མམ་ཕྱེད་གཉིས་ཀྱིས་རྐྱེན་ལས་གྲོལ་ལོ། །དེའི་ཚེ་ཁ་ནས་ལྦུ་བའམ་སྣ་ནས་ཆུ་སྔོན་པོ་ཞིག་འབྱུང་བའམ་མ་བྱུང་ཡང་ཞིའོ། །རོ་སྟོད་སྦོས་པ་དེ་ལ་ལུས་གཅེར་གྱི་སྦྱོར་བ་ཞེས་པ་ཙོག་ པུར་ལག་པ་གཉིས་ཀྱིས་འཁྱུད་དེ་ན་བའི་ཕྱོགས་འོག་ཏུ་བཅུག་སྟེ་སྦྲིད་བེར་གྱིས་བཏང། དེ་ནས་འོག་རླུང་བསྐུམ། དེ་ནས་སྟེང་རླུང་མནན་ལ་ཁ་སྦྱར། དེ་ནས་ཡང་ལུས་སྔར་ལྟར་བྱས་ནས་མི་ན་བ་ངེས་འོག་ཏུ་བཅུག་ནས་རླུང་ཁ་སྦྱར། དེ་ལྟར་རེ་མོས་ བྱས་པས་ཞིའོ།། ༈ རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དམིགས་པ་བསྒོམ་པའི་སྐབས་སུ་མཁྲིས་པ་ལ་སོགས་པའི་ཚ་བའི་སྐྱོན་གྱིས་མགོ་བོ་ན་བར་གྱུར་ན། རང་གི་ཐོད་པའི་ནང་དུ་ཟླ་པའི་དཀྱིལ་ འཁོར་དཀར་པོ་བསིལ་བའི་རང་བཞིན་ཅན། དེའི་འོག་ཕྱོགས་ཀྱི་དབུས་སུ་ཨོཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་བ་འོད་ཟེར་དཀར་པོ་དང་བདུད་རྩིའི་རྒྱུན་དཀར་པོ་བསིལ་བའི་རང་བཞིན་བབས་པ་དེ་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་དཀར་པོ་འཕྲོས་པས་ རང་གི་ལུས་ཀྱི་ནང་ཐམས་ཅད་གང་སྟེ་འདི་རྣམས་ཀྱི་བསིལ་སངས་ཀྱིས་སོང་བ་དང་བདུད་རྩིའི་རྒྱུན་རྣམས་ཀྱི་ལུས་བདེ་མེར་ཏེ་སོང་བར་བསྒོམ་མོ། །དེ་ལྟར་བསྒོམས་པས་མགོ་བོ་ན་བ་ལ་སོགས་པའི་གེགས་རྣམས་སེལ་ཞིང། ལུས་ལ་བདེ་ བ་སྐྱེ་བའི་གེགས་སེལ་བ་དང། དམིགས་པ་སོགས་ལ་བོགས་ཐོན་པ་དུས་མཉམ་དུ་འབྱུང་ངོ། །ཡང་འོག་སྒོའི་ཕྲ་ཐིག་དང་སྙིང་གར་མི་ཤིགས་པ་ལ་སོགས་པ་བསྒོམ་པའི་སྐབས་སུ་སྟོད་སྨད་དུ་རླུང་ལ་སོགས་པའི་རྐྱེན་གྱིས་ནད་གཟེར་ [51A]༄༅། །དྲག་པོའི་ནད་བྱུང་ན། གང་ན་བ་དེ་ཉིད་ནས་རླུང་དང་སྡོངས་ཏེ་སྤོས་རིང་གི་དུད་པ་བཞིན་སྔོ་ཕྱུར་གྱིས་བྱུང་ནས་འོག་སྒོའི་ཕྲ་ཐིག་བསྒོམ་པའི་སྐབས་ཡིན་ན་འོག་སྒོའི་ཕྲ་མོ་ལ་ཐིམ། མི་ཤིགས་པའི་ཐིག་ལེ་བསྒོམ་པའི་ སྐབས་ཡིན་ན་མི་ཤིགས་པའི་ཐིག་ལེ་ལ་ཡང་ཡང་ཐིམ་པ་བསམ་པར་བྱ་ཞིང། གང་ན་བའི་གནས་དེར་བདེ་བའི་རང་བཞིན་དུ་མེར་གྱིས་སོང་བར་བསྒོམ་མོ། །ལུས་ཀྱི་སྟོད་སྨད་གང་དུ་ཟུག་གཟེར་གློ་བུར་དུ་བྱུང་ཡང་འདི་ལྟར་ལན་མང་དུ་བསྒོམས་ པས་གེགས་སེལ་ཞིང་དམིགས་པ་བོགས་ཐོན་པར་འགྱུར་རོ། །རྫོགས་རིམ་གྱི་རླུང་སྡུད་པའི་སྐབས་སུ་གེགས་སེལ་ཚུལ་འདི་ལྟར་བྱས་ན་གེགས་སེལ་དང་དམིགས་པ་སོགས་ལ་བོགས་ཐོན་པ་མཉམ་དུ་འབྱུང་ངོ། །དེ་བཞིན་མིན་པར་ རྫོགས་རིམ་གྱི་རླུང་སྡུད་པའི་གེགས་སེལ་རོ་སྟོད་ན་བ་དང་མགོ་བོ་ན་བ་སོགས་བྱུང་བའི་ཚེ། མགོ་བོ་རོ་སྟོད་ཁྲོལ་ཚེགས་ལྟ་བུར་བསྒོམས་ནས་ནད་རྣམས་རྣག་ཁྲག་གི་རྣམ་པར་ཕྱིར་ལ་ཐོན་པར་བསྒོམ་པ་ནི། ནད་ཞི་ཐུབ་པ་ཙམ་བྱུང་ཡང་ སྔར་རླུང་ནང་དུ་འབད་པས་བསྡུས་པ་རྣམས་ཕྱིར་ལ་ཐོན་པར་འགྲོ་པས། དུས་ཕྱིས་རླུང་སྡུད་པ་ཤིན་ཏུ་དཀའ་བར་སོང་ནས་རླུང་མི་ཐུབ་པ་དེ་ལྟ་བུའི་གེགས་སེལ་ནི་སྤང་བར་བྱའོ། །ཡང་རྫོགས་རིམ་བསྒོམ་པའི་སྐབས་སུ་རླུང་འདུ་མ་ཐུབ་པར་ མགོ་བོ་གཟེར་ལ་འཁྱོམ་པ་ལ་སོགས་པའི་ནད་བྱུང་བ་དང། བརྒྱལ་བ་བོག་པ་ལ་སོགས་རླུང་ལ་བརྟེན་པའི་གེགས་མང་པོ་འབྱུང་བས་དེ་རྣམས་སེལ་བའི་ཐབས་ནི། རླུང་མཉམ་རྒྱུ་ནང་དུ་ངེས་ཅན་དུ་སོང་བའི་སྐབས་སུ་ལྟེ་བར་རླུང་ཞིག་ [051B]དུ་བྱེད་པ་ལན་འགའ་ཟུང་བྱས་པས། གོང་དུ་བཤད་པ་ལྟར་གྱི་གེགས་རྣམས་སེལ་བར་འགྱུར་ཞིང། རླུང་ནང་དུ་འདུས་པའི་རྟགས་ཀྱི་མཐོང་སྣང་མང་པོ་འབྱུང་བར་སྣང་ངོ། །ཕྲ་མོ་བསྒོམས་ པའི་སྐབས་སུ་ཆུ་འགགས་པ་ལ་སོགས་པའི་ནད་བྱུང་ན་འོག་སྒོའི་རྡོར་བཟླས་བྱའོ། །དེ་བཞིན་དུ་བྱས་པས་གེགས་སེལ་ཞིང་དམིགས་པ་བོགས་ཐོན་པར་འགྱུར། གཉིས་པ་ཐིག་ལེའི་གེགས་སེལ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ།། དང་པོ་ནི། བྱང་སེམས་འཛག་པ་བཙན་ཐབས་སུ་འགེག་པ་ནི། རྐང་པ་གཡོན་པའི་རྟིང་པས་རྡོ་རྗེའི་རྩ་བ་བསྡམས་ཤེས་པ་སྤྱི་བོའི་ཧཾ་ལ་གཏད། མིག་དང་ལྕེ་གྱེན་ལ་ལོག་རྒྱུ་མ་སྒལ་ཚིགས་ལ་སྦྱར། ལག་པ་གཉིས་སྙིང་གར་བསྣོལ། ཡན་ ལག་གི་སོར་མོ་བསྐུམ། ངག་ཏུ་ཧཱུཾ་རིང་པོ་རྡུབ་པའི་ཚུལ་དུ་དྲག་ཏུ་བརྗོད། ཡང་གཅིག་ལ་སྟོང་རླུང་དྲག་ཏུ་མནན། འོག་རླུང་གློང་ལ་བཞག་དཔེར་ན་རིལ་བ་ཞབས་ཟགས་ཅན་བཞིན་ནོ་གསུང། རྨི་ལམ་དུ་འཛག་པ་ནི། ཉིན་པར་སྲོག་ལ་བབ་ ཀྱང་བྱང་སེམས་མི་འཚོར་བར་བྱ་སྙམ་པའི་འཕེན་པ་གལ་ཆེ་གསུང། ཁྱད་པར་ཉལ་ཁའི་འཕེན་པ་དང། རྡོ་རྗེ་རྐྱེན་དང་མི་འཕྲད་པར་བྱའོ། །མ་ཚོར་བར་འཇག་པ་ལ་ནི། བྱ་སྤྱོད་ནས་བཤད་པའི་སྲུང་སྐུད་ཀྱི་ཐབས་ཀྱིས་ཀྱང་ཐུབ་གསུང་ངོ།། འདི་ལ་སྐུ་མཆེད་གཉིས་ཀྱི་ཟིན་བྲིས་སྣང་ཡང་ཕྱི་མ་ལྟར་བཀོད་པ་ཡིན། གཉིས་པ་ཐུན་མོང་མ་ཡིན་པའི་གེགས་སེལ་རྫོགས་རིམ་གྱི་ཁྲིད་ཡིག་ཆུང་བའི་མགོ་ན་ཡོད་དོ།། ༈ །།བཅུ་དྲུག་པ་རྣམ་གསུམ་རིགས་ [052A]༄༅། །དབྱེའི་ཡིག་ཆུང་ལ། བསྡུས་རྒྱས་གཉིས་ལས། དང་པོ་ནི། རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣམ་གསུམ་རིགས་དབྱེའི་གདམས་པ་ནི། བསྒོམས་པས་ལྷ་རང་གི་ཞལ་མཐོང་བ་དང་རྩ་ནང་དུ་རླུང་ཞུགས་ནས་ལྷ་ མཐོང་བ་དང། གདོན་གྱིས་སྤྲུལ་ནས་ལྷའི་གཟུགས་མཐོང་བ་དང་རིགས་གསུམ་འབྱུང་བས་གང་ཡིན་བརྟག་པ་ནི། ལུས་གནད་རྡོ་རྗེའི་སྐྱིལ་ཀྲུང་ལག་པ་མཉམ་གཞག་སོགས་རྣམ་སྣང་གི་ཆོས་བདུན་ལེགས་པར་བྱས་ཏེ། སྨིན་མཚམས་ཀྱི་ ཁྲོ་བོའི་སྤྱན་དབུས་མ་ཡོད་པ། དབུ་མའི་ཡར་སྣའི་བུག་པའི་ཐད་དུ་མིག་གཉིས་གྱེན་དུ་ལྟ་སྟངས་གཅིག་ཏུ་དྲིལ་ཏེ་དེ་གཉིས་ཀྱི་ཐད་ནས་ལྷ་མཐོང་བ་དེ་ལ་བལྟས་པས། དོན་གྱི་ལྷ་ཡིན་ན་རང་གིས་ལྷ་དེ་ལ་ཆེས་ཆེར་བལྟས་པས་ཇེ་གསལ་དུ་ འགྲོ་ལ། རྩ་རླུང་ལ་བརྟེན་ནས་ལྷ་མཐོང་བ་ཡིན་ན་བལྟས་པས་བལྟས་པ་དེ་ག་རང་དུ་གནས་ཏེ་འགྱུར་ལྡོག་མི་ཐོངས་པ་ཞིག་འོང། གདོན་གྱིས་སྤྲུལ་པའི་ལྷ་གཟུགས་ཡིན་ན་བལྟས་པ་དང་གཏད་མེད་དུ་ཡལ་ནས་འགྲོ་བ་ཡིན། འདི་མཁས་ གྲུབ་རྗེའི་ཟིན་བྲིས་ཡིན་ །། ༈ །།གཉིས་པ་རྒྱས་པ་ནི། ལམ་བསྒོམ་པ་ཐམས་ཅད་ཀྱི་སྐབས་སུ་རང་རྒྱུད་ལ་ལྷས་བྱིན་གྱིས་བརླབ་པ་དང། བསྒོམ་པའི་ཉམས་སྣང་དང། གེགས་ཀྱི་བར་ཆད་ཀྱི་མཚན་མ་གསུམ་ གྱི་རིགས་འདི་ལྟར་དབྱེ་བར་བྱ་སྟེ། ལྷ་བསྒོམ་པ་དང་བཟླས་པ་ལ་སོགས་པའི་སྐབས་སུ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཚན་མ་ལ་སོགས་པ་བྱུང་ན། རྩ་ཨ་ཝ་དྷཱུ་ཏཱིའི་ཡར་སྣ་རང་གི་སྨིན་མཚམས་ཀྱི་དཀྱིལ་དབུས་ [052B]ཁ་ལྟར་གདངས་པ་ལ། མིག་གཉིས་དྲིལ་ཏེ་དྷཱུ་ཏཱིའི་ཡར་སྣ་ནས་མཚན་མ་གང་ཡིན་པ་དེ་ལ་བལྟས་པ་དང། དམིགས་པ་བསྒོམས་པའི་སྟོབས་ཀྱི་ཉམས་ཡིན་ན་སྔར་ལས་ཤིན་ཏུ་གསལ་ཞིང་ སྣུམ་ལ་འོད་དང་ལྡན་པར་འགྱུར་རོ། །དེ་ལ་མ་ཆགས་པར་སྒྱུ་མ་ལྟ་བུར་རྒྱས་བཏབ་ལ་སྒོམ། འོད་ཟེར་སྣ་ལྔ་འཕྲོ་ཞིང་སྔར་ལྟར་དུ་གནས་ན་ལྷས་རང་རྒྱུད་བྱིན་གྱིས་རློབ་པའི་རྟགས་ཡིན་པས་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་སྐུ་དེ་རང་ལ་ བསྟིམ་ཞིང་གསོལ་བ་བཏབ། དེ་ལ་བལྟས་པས་སྐུ་རྫོགས་པའི་མཚན་མ་མེ་འོད་ཉམས་ཤིང་སྔར་གྱི་ད་ཡལ་ནས་འགྲོ་བར་སྣང་ན་བགེགས་ཀྱི་བར་ཆད་ཀྱི་མཚན་མ་ཡིན་པས་སྲུང་འཁོར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་བསྒོམ་ཞིང་ མཚམས་དམ་དུ་བཅད་ལ་ཆོས་སྐྱོང་ལ་གཏོར་མ་ཕུལ། བསྐད་བཤགས་མང་དུ་བྱས་ལ། དགེ་སྦྱོར་སྔར་ལས་ཀྱང་འཇུར་དུ་གཏོང་བ་ཡིན་ནོ། །སླར་ཡང་ཡང་ཡང་འོང་ན་སྔར་ལྟར་བྱས་ལ་བལྟས་པས་ཡལ་འགྲོ་བའི་འགོ་རྩོམ་པ་ན། རང་ གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་འཇིག་རྟེན་གསུམ་ཟ་བར་ནུས་པ་སྐུ་ལས་མེ་འོད་འཕྲོ་བའི་གྲི་གུག་དང་ཐོད་པ་འཛིན་པ་དུ་མ་སྤྲོས་ཏེ་ཆར་བབས་པ་བཞིན་དུ་དེ་ལ་བསྟིམ་པས་བྱ་སྒྲོ་མེས་ཚིག་པ་ལྟར་བསྲེགས་པར་བསམས་ལ་ཚར་ བཅད། ཁྲོ་བོ་རྣམས་རང་ལ་བསྡུ། སྔར་ལྟར་སྲུང་འཁོར་བསྒོམ་ཞིང་དགེ་སྦྱོར་ལ་དྲིལ་བར་བྱའོ། །དགེ་སྦྱོར་གང་གི་སྐབས་སུའང་མེད་དུ་མི་རུང་བའི་ཞལ་གྱི་གདམས་པའོ། །སྐུ་མཆོད་གཉིས་ཀྱི་ཟིན་བྲིས་གཉིས་སྣང་ཡང་ཕྱི་མ་གསལ་ [053A]༄༅། །ལ་རྒྱས་པར་སྣང་བས་བཀོད་དོ། །མཚན་མ་སྔོན་མ་གཉིས་ཀྱི་ངོས་འཛིན་ལ་སྔ་ཕྱི་མི་འདྲ་བར་སྣང་ཡང་ཕྱི་མ་བཙན་ནོ།། ༈ །།བཅུ་བདུན་པ་ཕྱག་རྒྱ་སྲོག་རྩོལ་ལ་ལྔ། རྣལ་འབྱོར་བཞི་རིམ་ནས་གསུངས་ ཚུལ། གསང་འདུས་རྒྱུད་འགྲེལ་ནས་གསུངས་ཚུལ། རྡོ་རྗེ་གུར་ནས་གསུངས་ཚུལ། བླ་མའི་མན་ངག་གིས་བསྟན་ཚུལ། དོན་བསྡུས་ཏེ་ཉམས་སུ་བླངས་པའོ། །དང་པོ་ནི། བླ་མ་རྡོ་རྗེ་འཆང་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་ རྒྱུད་སྡེ་ནས་ལན་ཅིག་མ་ཡིན་པར་གསུངས་པས་ཕྱག་རྒྱ་སྲོག་རྩོལ་གྱི་གནད་མཐར་ཐུག་པ། རྗེ་བཙུན་བླ་མའི་མན་ངག་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བའི་གནད་རྣམས་བརྗེད་བྱང་དུ་བྲོ་བར་འཚལ་ན། བླ་མ་དང་ཡི་དམ་མཁའ་ འགྲོ་ཆོས་སྐྱོང་རྣམས་ཀྱིས་གནང་བ་མཛད་ནས་བདེ་བ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། དེ་ཡང་ལས་རྒྱ་ལ་བརྟེན་པའི་དགོས་པ་ནི། དེ་བསྟེན་པས་སྲོག་དབུ་མར་ཞུགས་ནས་ཡས་བབས་དང་མས་བརྟན་གྱི་དགའ་བ་སྐྱེད་པའི་ཆེད་ཡིན་ནོ།། དེས་ན་ཐབས་ཀྱི་མཆོག་འདི་བཤད་པ་ལ་གསུམ། ལས་རྒྱའི་མཚན་ཉིད་དང། སྲོག་རྩོལ་དུ་གཏོང་བའི་མན་ངག་དངོས། ཐབས་དེ་ལ་བརྟེན་ནས་དགའ་བཞི་བསྐྱེད་ཅིང་དེས་བདེ་སྟོང་སྦྱོར་ཚུལ་ལོ་།དང་པོ་ནི། རྣལ་འབྱོར་བཞིའི་རིམ་པར་གསུངས་ པའི་པདྨ་ཅན་ལ་སོགས་པའི་དོན་ནི། རྩའི་དབྱིབས་མི་འདྲ་བ་བཞིའི་སྒོ་ནས་བརྟག་པ་ཡིན་ལ། དེ་ཡང་དྷཱུ་ཏཱིའི་མར་སྣའི་དབང་དུ་བྱས་པ་ཡིན་ཅིང། དེ་རྣམས་ཇི་བཞིན་ཡོད་པ་ནི་ཡར་སྣ་ཀུན་རྫོབ་ཀྱི་སྣ་སོགས་ཀྱིས་མཚོན་པར་བྱེད་དོ། །དེས་ན་ [053B]ཅུང་ཟད་གཡས་སུ་འཁྱིལ་བའི་རྣམ་པར་ཡོད་ལ། དེའི་རྟགས་རྩ་དེའི་ཡར་སྣ་ཕྱོགས་ཀྱིས་བུད་མེད་དེའི་སྣ་གཡས་སུ་འཁྱིལ་བའི་རྣམ་པ་ཅན་སོགས་ལས་རྒྱ་དེ་གླང་པོ་ཅན་གྱི་རིགས་སུ་གཏོགས་པ་ཡིན་ནོ། ། དུང་ཅན་མ་ནི་དུང་དཀར་གྱི་ཁ་ལྟ་བུར་འཁྱིལ་ཞིང་སྦུབ་ལ་རིང་བ་སོགས་ཤིག་ཡོད་པས་དེའི་རྟགས་ལ་རྩའི་ཡར་སྣ་ཕྱོགས་ཀྱི་སྐྲ་དང་སྣ་ཡང་རིང་བ་སོགས་ལས་དུང་ཅན་མའི་རིགས་སུ་གཏོགས་པ་ཡིན་པར་ཤེས་པར་བྱའོ། །རི་དྭགས་ཅན་མ་ནི་རྩ་དེའི་མར་ སྣ་རི་དྭགས་གླ་བའི་ལྟེ་བ་འདྲ་བ་ཁ་བཙུམ་ཞིང་བཅིངས་པའི་གོར་བུའི་རྣམ་པ་ཅན་དུ་ཡོད་པས་རྩ་དེའི་ཁ་ཤིན་ཏུ་འཚོལ་དཀའ་བས་དེ་ནི་རྣལ་འབྱོར་པའི་སེན་མོས་བཙལ་དགོས་པ་སོགས་གསུངས་སོ་།མར་སྣ་དེའི་རྟགས་ལ་ཡར་སྣའི་ཕྱོགས་ཀྱེ་སྣ་ལ་རི་མོ་ཡོད་ ལ། དེར་མ་ཟད་ལུས་གཞན་ལས་སྦོམ་པ་སོགས་ཡིན་ནོ། །པདྨ་ཅན་གྱི་མར་སྣ་མེ་ཏོག་པདྨའི་དབྱིབས་ཅན་ཡོད་པས། རྩ་དེའི་ཁ་ཤིན་ཏུ་བཙལ་སླ་ཞིང་འབྱེད་པར་སླབས། ཕྱག་རྒྱ་མཆོག་ཏུ་གསུངས་པ་ཡིན་ནོ། །དེའི་རྩ་དེ་མར་སྣ་དེ་ལྟར་ཡོད་པས་ ཡར་སྣའི་ཕྱོགས་དེ་ལ་ནི་ཛ་བའི་མེ་ཏོག་ལྟ་བུར་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིའི་རྩ་ལ་མི་འདྲ་བ་དེ་ལྟར་ཡོད་པའི་སྒོ་ནས། པདྨ་ཅན་སོགས་སུ་བཞག་པའི་དོན་ནི། རང་གི་བླ་མ་ཁོ་ནའི་མན་ངག་ཡིན་པས་རང་ཁོ་ནའི་སྙིང་ལ་བཅད་རྒྱུ་ཡིན་ གསུང། དེའི་རྒྱུ་མཚན་ཆགས་ལམ་ལ་ཤིན་ཏུ་མཁས་པར་གྲགས་པའི་བོད་ཀྱི་བླ་མ་ཐམས་ཅད་ཀྱིས་རྒྱུད་ནས་གསུངས་པའི་ཕྱག་རྒྱའི་རིགས་བཞིའི་ཁྱད་པར་ནི། སྣ་གཡོན་ནས་གཡས་སུ་འཁྱིལ་བ་དང། ཞེས་སོགས་ཀྱི་རྩའི་དབྱིབས་ལ་བརྟཌ་ [054A]༄༅། །པའི་དོན་ལ་བློ་ཁ་མ་ཕྱོགས་ཤིང་རྩ་ལ་མི་འདྲ་བ་བཞི་ཡོད་པའི་གནད་མི་རྟོགས་པ་ཤ་སྟག་ཡིན་པས། ཕྱོགས་འདི་ལ་ཁ་བོ་ཇི་ལྟར་ཆེ་ཡང་མཁས་པས་བཞད་གད་ཀྱི་གནས་འབའ་ཞིག་ཡིན་གསུང་ངོ། །གཉིས་པ་སྲོག་རྩོལ་ དུ་གཏོང་བའི་ཐབས་དངོས་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། །རྩ་ནི་ཉེ་བར་བཙལ་བྱས་ཏེ། །བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །ཞེས་པས་བསྟན་ལ། དེའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ནི་བུད་མེད་ཀྱི་དྷཱུ་ཏཱི་ཡིན་ལ། ཉེ་བར་བཙལ་ཞེས་པ་ནི་ རྣལ་འབྱོར་པས་རྩ་དེའི་མར་སྣ་བཙལ་བར་བྱས་ལ། དེ་ཡང་བྱ་རོག་གདོང་ཞེས་པ་ནི་འཇིག་རྟེན་པ་ལ་བྱ་ལེར་གྲགས་པ་དེ་ལ་ཟེར་ཞིང། དབུ་མའི་མར་སྣའི་རྩ་དེ་འདིའི་དབུས་ནས་འབྱུང་ངོ། །དེ་ལ་སྐྱེས་པའི་དྷཱུ་ཏཱི་སྦོམ་ཞིང་ཐུང་བར་གནས་པས་ནོར་བུ་ ལས་ཕྱིར་ནར་ནས་འོང་བ་མི་སྲིད་ལ། བུད་མེད་ཀྱི་དྷཱུ་ཏཱི་ཕྲ་ཞིང་རིང་བས་བྱ་རོག་གདོང་ལས་ཕྱིར་ནར་ནས་འོང་བའི་སྐབས་ཡོད་པས། སྙོམས་འཇུག་གི་ཆེ་བུད་མེད་ཀྱི་རྩ་དེ་རྣལ་འབྱོར་པའི་རྩའི་མར་སྣའི་ནང་དུ་འཇུག་པས་སྦྱོར་བ་བྱེད་པ་ཡིན་ནོ། །དེའི་ ཕྱིར་དུ་ཕྱག་རྒྱའི་དྷཱུ་ཏཱིའི་རིགས་མི་འདྲ་བ་བཞིའི་གནས་ཚུལ་ཤེས་ནས་ཚོལ་བ་དང། ཁ་འབྱེད་པའི་མན་ངག་གི་ཡེ་ཤེས་ཀྱི་རྩ་སད་པར་བྱ། དེ་ནས་ཕྱག་རྒྱའི་རྩ་དེ་རང་གི་རྩའི་ནང་དུ་བཅུག་ནས་བྱེད་པ་དམ་དུ་བཅིངས་པའི་སྦྱོར་བ་བྱ། དེ་ལྟར་ བྱས་པས་ཕྱག་རྒྱའི་རྩ་ནང་ནས་རླུང་འབྱུང་སྟེ། རང་གི་རྩའི་ནང་དུ་སླེབས་པ་ན་སྙོམས་འཇུག་གི་བདེ་བ་ལ་སོགས་པས་གང་བས་ཀྱང་ལྷག་པའི་བདེ་བ་སྐྱེ་ལ། རླུང་དེ་རང་གི་དྷཱུ་ཏཱིའི་ནང་བརྒྱུད་པས་རང་གི་ཐུར་སལ་གྱི་རླུང་གྱེན་དུ་ལྡོག་སྟེ། ཕྱག་ [054B]བརྒྱུས་པས་ཁྲག་འབར་ནས། སྤྱི་བོའི་ཧཾ་ཡིག་ཞུ་ཞིང་བྱང་སེམས་དྷཱ་ཏཱིའི་མར་སྣར་སླེབས་པ་ན་ཕྱག་རྒྱའི་ཡང་ཁུ་བ་བཞུ་ནས་དྷཱ་ཏཱིའི་ལམ་ནས་བྱུང་བ་རང་གི་རྩའི་ནང་དུ་ཕྲད་པ་ན། ཐབས་ཤེས་ཟུང་ དུ་འབྲེལ་བའི་གནད་ཀྱིས་སྔ་མའི་བདེ་བ་བས་ཀྱང་ཆེས་ཆེ་བ་ཞིག་འབྱུང་ཞིང། དེ་ནས་མན་ངག་གིས་གྱེན་དུ་ལྡོག་པའི་སྦྱོར་བ་བྱས་པས་ཐིག་ལེ་དེ་ལྟེ་བར་སླེབས་པ་ན་རྒྱུ་མཐུན་གྱི་ཚུལ་གྱི་དགའ་བ། སྙིང་གར་སླེབས་པ་ན་རྣམ་སྨིན་གྱི་ཚུལ་གྱི་མཆོག་ དགའ། མགྲིན་པར་སླེབས་པ་ན་སྐྱེས་བུ་བྱེད་པའི་ཚུལ་གྱི་ཁྱད་དགའ། གཙུག་ཏོར་དུ་སླེབས་པ་ན་དྲི་མ་དང་བྲལ་བའི་ཚུལ་གྱི་ལྷན་སྐྱེས་ཀྱི་དགའ་བ་དེ་ཤིན་ཏུ་རྣལ་འབྱོར་བསྒོམ་པར་བྱའོ་།གསུམ་པ་བདེ་སྟོང་སྦྱོར་ཚུལ་ནི། བདེ་བ་དེ་འདྲ་བས་ཡས་ བབས་དང་མས་བརྟན་གྱི་དགའ་བ་བཞི་སྐྱེས་པའི་ཚེ། དབུ་མའི་ལྟ་བ་མཐར་ཐུག་པ་དང་སྦྱར་ནས་བསྐྱངས་པས་སྲིད་པའི་སྡུག་བསྔལ་བཅོམ་པར་བྱེད་དོ། །གཞན་ཡང་རྡོ་རྗེའི་ལྟེ་བར་པདྨ་གནས་པ་དང། སྐྱིལ་ཀྲུང་ཞེས་བའི་དོན་ཡང་ཡུམ་གྱི་རྩའི་ མར་སྣ་ནང་དུ་བཅུག་པའི་ངེས་དོན་གྱི་རྡོ་རྗེའི་སྐྱིལ་ཀྲུང་གཡས་གཡོན་གཉིས་ཀྱི་རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་པ་འབྱུང་ཞིང། དེའི་ཆེ་རྣལ་འབྱོར་པས་སེམས་ནོར་བུའི་ནང་གི་དྷཱུ་ཏཱིའི་ནང་དུ་སོན་པ་ལས་ཡེ་ཤེས་ཀྱི་ངོ་བོ་ལྷན་སྐྱེས་འབྱུང་ངོ། །དེ་ དག་དགའ་བ་གཞན་གསུམ་ཡང་ཡིན་ནོ། །ཡང་པདྨ་ཅན་གྱི་བགྲོད་ཚུལ་ནི། པདྨའི་བྱེད་པ་ཞེས་པ་ཕལ་པ་ལྟར་སྟེང་ནས་བགྲོད་པའོ། །གླང་པོ་ཅན་གྱི་བགྲོད་ཚུལ་ནི། དུད་འགྲོ་སྟེར་རྒྱབ་ནས་བགྲོད་པའོ། །དུང་ཅན་མའི་བགྲོད་ཚུལ་ནི། གྷ་ཧ་ར་ [055A]༄༅། །ཏིའི་སྦྱོར་པ་ཞེས་བྱ་བ། རྐང་པ་གཉིས་ཕྲག་པ་ལ་བཀལ་ཏེ་འོག་ནས་བགྲོད་པའོ། །རི་དྭགས་ཅན་གྱི་བགྲོད་ཚུལ་ནི། བི་ལ་སའི་བཅིངས་པ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ལྟར་སྐྱིལ་ཀྲུང་བྱས་ལ་བགྲོད་པར་བྱའོ། །རྟགས་ཀྱི་ རྩེ་གཉིས་མི་འབྲལ་བར་བྱེད་པ་ནི་ཤིན་ཏུ་གལ་ཆེ་ལ། དེ་ནི་ཤིན་ཏུ་རྣལ་འབྱོར་པས་ལག་པས་བྱེད་དགོས་པར་རྒྱུད་ལས་བཤད་དོ་། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་གྱི་གདམས་པའོ།། །།གཉིས་པ་ནི། ཁམས་གསུམ་ དག་གི་ལམ་མཆོག་ན། །བུད་མེད་ཇི་སྙེད་ཡོད་པ་རྣམས། །ཆོ་ག་བཞིན་དུ་སྤྱད་པར་བྱ། །གསུང་གི་རྡོ་རྗེ་མི་སྨོད་དོ། །ཞེས་པའི་སྐབས་སུ་ངག་གི་རོ་འཛིན་གྱི་བྱ་བས་བསྐྱོད་ལ་ཞེས་རྩ་གསུམ་པོ་དེ་ལྕེས་བསྐྱོད་པར་གསུངས་ལ། གླུས་བསྐུལ་ བ་ལས་བཞེངས་པའི་སྐབས་སུ་རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་ཞེས་སོར་མོས་བསྐྱོད་པ་དང་གཉིས་བཤད་དོ། །འདི་ལ་རྡོ་རྗེ་མཁའ་འགྲོ་ལས། ཆགས་པ་སྲ་བ་དང་རྒན་པ་སོགས་ལ་ནི་སོར་མོ་རིང་པོ་གསུམ་སྤྲུལ་ མགོ་ལྟར་བྱས་ནས་དྲུད་པར་བྱ་བ་དང། གཞོན་ཅིང་ཆགས་པ་མཉེན་པ་རྣམས་ལ་ནི་འོད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འབབ་པའི་རྩར་རྡོ་རྗེའི་ཐུར་མས་ཕུག་སྟེ་བསྐྱེད་པར་གསུངས་སོ་།ཡུལ་སོ་སོར་མཛད་པ་ནི་སོར་མོའི་བྱེད་པ་ལ་ དགོངས་སོ། །དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། མཛུབ་མེ་དང་ལྕེའི་རྩེ་མོ་ལ་ཡི་གེ་ཧྲཱི་དམར་པོ་བཀོད་པ་རྩ་བསྐུལ་བར་བཤད་པ་ལྟར་ན། ཡུལ་གཅིག་ལ་སོར་མོ་དང་ལྕེ་རྩེ་གཉིས་ཀས་བསྐུལ་པ་ནི་སོར་མོ་གཅིག་གི་ཁྱད་པར་ [055B] །དུས་ཇི་ཙམ་དུ་བསྐུལ་བ་ནི། པ་ཚབ་ཀྱི་འགྱུར་ལས། རོ་འཛིན་བྱ་བདག་གིས་མ་ཕྱིན་གྱི་བར་དུ་བསྐྱེད་པར་བྱ་ཞིང་ཞེས་འབྱུང་བ་ལྟར་ན། ཧྲཱི་ས་ཡུམ་གྱི་དབུ་མའི་མར་སྣ་བྱེ་ནས་བདུད་རྩི་འཛག་པ་མ་བྱུང་གི་བར་དུའོ། །རྡོ་རྗེ་ མཁའ་འགྲོ་ལས། ཡུམ་ལས་སིད་ཅེས་པའི་སྔགས་མ་བྱུང་གི་བར་དུ་དྲུད་པར་གསུངས་ལ། དེ་ནི་ཡུམ་དེས་ཆེད་དུ་བྱས་ནས་སྔགས་དེ་བཏོན་པ་མིན་པར་རང་ཤུགས་ཀྱིས་སྔགས་དེ་ཟློས་པ་འབྱུང་ངོ་།དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། དེ་ལྟར་སྒྲུབ་ པ་པོས་ཡང་དང་ཡང་དུ་བསྐུལ་བའི་སྙིང་འདར་བ་དང། དགའ་བས་སྨྱོས་ཤིང་བྱང་སེམས་ཀྱི་རྒྱུན་ཕྲ་མོ་འཛག་ལ། ངོ་ཚ་བ་ལ་སོགས་པ་དང་བྲལ་ཏེ། བ་སྤུ་ལངས་ཤིང་ཤིན་ཏུ་ཆགས་པས་བལྟ་ཞིང་འཁྱུད་པ་དང་ནུ་མ་ནུ་བར་འགྱུར་ཞིང་སིད་ཅེས་ཟེར་ བ་དང། དེས་གསུངས་པ་ལྟར་ཡིན་ལ། དེ་རྣམས་ནི་སོར་མོ་དང་ལྕེས་བསྐུལ་བའི་རྩ་ཁ་བྱེ་བའི་རྟགས་ཡིན་ནོ། །སེམས་ཀྱི་རྡུལ་ཕྲ་མོའི་ཆུ་ནི་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུའི་ཆུའོ། །གསུམ་པ་ནི། རྡོ་རྗེ་གུར་ལས་ཀྱང། རྡོ་རྗེ་སོར་མོའི་རབ་སྦྱོར་གྱིས་ རྡོ་རྗེའི་ས་གཞི་རབ་བསྐུལ་ཏེ། །རྡོ་རྗེ་སེམས་སུ་རབ་ཕྱུང་ལ་།རྡོ་རྗེའི་ལྕེ་ཡིས་བཟའ་བར་བྱ། །ཕྱི་ནང་དེ་ཡི་བདེ་ལྡན་དུ་།རྡོ་རྗེ་སེམས་དཔའ་རབ་བཅུག་སྟེ། །རྡོ་རྗེ་བཅིངས་པའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་རབ་ཏུ་བརྩམ། །ཞེས་གསུངས་ཏེ། རྡོ་རྗེ་ས་གཞི་ནི་ གསང་གནས་ཀྱི་རྡོ་རྗེའི་རྟེན་ཡུམ་གྱི་པདྨའོ། །རྡོ་རྗེ་སེམས་སུ་ཞེས་པ་ནི་ཀུན་ད་ལྟ་བུའོ། །ཕྱི་ནས་ཞེས་པ་ནི་རྩ་སད་པར་བྱས་པའི་རྗེས་སུའོ། །རྡོ་རྗེ་སེམས་དཔའ་ཞེས་པ་མཱ་མཀཱིའི་གསང་པའམ་གསང་བའི་རྡོ་རླེའོ། །རྡོ་རྗེ་བཅིངས་པ་ནི་རྩ་གཉིས་་ [056A]༄༅། །འབྲལ་བར་བཅིངས་པའོ། །འདོད་པའི་བསྟན་བཅོས་རྣམས་ལས་པདྨ་ཅན་དང་དུང་ཅན་མ་ལ་སོགས་པའི་བུད་མེད་ཀྱི་མཚན་ཉིད་སྟོན་པར་ཡོད་པར་སྣང་ནའང། མན་ངག་འདི་ནི་དེ་དག་ཏུ་གཏན་མེད་པར་ཤེས་པར་བྱའོ། །འདི་ མཐའ་གཅོད་ནས་གདན་དྲངས་པ་ཡིན་ནོ།། ༈ །།བཞི་པ་ནི། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དེ་ལ་འདིར་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། སྲོག་རྩོལ་དུ་འགྲོ་པའི་ཚུལ་ཞས་པ་ད་ལྟར་གྱི་ གང་ཟག་ལ་དངོས་སུ་མི་དགོས་པ་ཤས་ཆེ་ཡང་དེའི་གོ་བ་ཆགས་ན་བསྐྱེད་རིམ་སྒོམ་པ་སོགས་ཀྱི་སྐབས་སུ་ཡེ་རྒྱ་ལ་བརྟེན་པ་ལ་ཕན་ཡོན་ཆེ་བས་ཉེ་བར་མཁོ་བ་ཡིན་ན། །དེ་ཡང་སྤྱིར་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་ལས་རྒྱལ་ལོ་གྲངས་བཅུ་གཉིས་མ་ ནས་སུམ་ཅུ་མའི་བར་གསུངས་པ་ནི། དེ་གཉིས་ལས་རྒན་པ་དང་གཞོན་པས་རང་གི་རྩ་སད་པར་མི་ནུས་སམ། ནུས་ཀྱང་ཐབས་ཀྱི་རྩ་སད་པའི་རྐྱེན་དུ་འགྲོ་མི་ནུས་པའི་སྒོ་ནས་སྤང་དགོས་པ་ཡིན་ཅིང། འདི་ལ་རྣལ་འབྱོར་མ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ ལ་མངའ་བ་སེགས་ནི་མ་ངེས་སོ། །འོ་ན་རྩ་སད་ཐབས་ཇི་ལྟར་བྱ་སྙམ་ན་དེ་ནི་རྣལ་འབྱོར་པ་ཁྱད་པར་ཅན་ལས་རྒྱ་དང་སྙོམས་པར་འཇུག་པའི་ཚེ། མཛུབ་མོ་དང་ལྕེ་ལ་ཡི་གེ་འགོད་པ་སོགས་ཀྱི་སྦྱོར་བ་གཞན་ནས་གསུངས་པ་ལྟར་བྱའོ། །དེ་ལྟར་རྩ་དབུ་མ་ སད་པའི་ཕྱག་རྒྱའི་ཐབས་དང་སྙོམས་པར་འཇུག་པ་ན། ཕྱག་རྒྱའི་རྩ་སད་པའི་རྐྱེན་དེས་ཐབས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་སད་པར་འགྱུར་ལ། དེ་སད་ན་རོ་རྐྱང་གཉིས་ཁ་ཟུམ་འགྲོ་བ་ཆོས་ཉིད་ཡིན་ཅིང། དབུ་མ་སད་པའི་ནང་དུ་ཐུར་སེལ་ཞུགས། དེས་ [056B]།འདི་ནི་རྒྱུད་དོན་ཡིན་པར་ད་ལྟ་ཉམས་བཟང་བས་གང་ཟག་འགའ་ཞིག་གི་ཡེ་རྒྱ་ལ་བརྟེན་པའི་ཚེ་ཐོག་མར་ཡུམ་གྱི་རྩ་ནས་རླུང་ཆུར་བྱུང་ནས་རང་གི་རྡོ་རྗེའི་བུ་གར་ཞུགས་པ་སྙམ་བྱེད་པ་འབྱུང་བར་སྣང་ བས་ཀྱང་ཤེས་སོ་གསུང། དེས་ནི་ཡབ་ཡུམ་གྱི་སྣ་རྩེ་གཉིས་ཕྲད་མཚམས་སུ་ཐིག་ལེ་ཕྲ་མོ་བསྒོམ་པ་ཡང་སྣ་རྩེ་གཉིས་སད་པའི་ཆེད་དུ་ཡིན་ནོ། །འོ་ན་ལས་རྒྱ་ལ་བརྟེན་པ་སྙིང་གའི་སྡུད་རིམ་དུ་འགྲོ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ནི་རིལ་འཛིན་དང་རྗེས་གཞིག་གི་ བསམ་གཏན་གཉིས་དང། སྙིང་གའི་སྡུད་རིམ་གྱི་དམིགས་པ་དང་རྡོར་བཟླས་དང། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་དང། སྙིང་གར་སྡུད་རིམ་རྣམས་སྐབས་དེར་བྱེད་པའི་སྟོབས་ཀྱིས་ཡིན་ནོ། ། རྗེ་བཙུན་ཙོང་ཁ་པ་ཆེན་པའི་ཞལ་གྱི་གདམས་པ་ མཁས་གྲུབ་རྗེས་ཟིན་བྲིས་མཛད་པའོ་ །། ༈ །།ལྔ་པ་ནི། རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གདམས་པ་ནི། རིག་མ་མཚན་ཉིད་དང་ལྡན་པ་བཙལ་ལ་དེའི་རྗེས་སུ་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མའི་རྩ་ཚོལ་བ་ལ་རང་གི་མཛུབ་མོ་ལ་ཧྲཱི་བཀོད་ནས་རྩ་མཉད་ཅིང་བཙལ་ཏེ་རྙེད་པ་ན་བདེ་བ་སྐྱེ་ཞིང་རྩ་ཕྱིར་འདོན་ནས་རིང་དུ་འགྲོ་བ་དང་འགྲེང་ནས་འོང་ལ། ཁ་ནས་སིད་ཀྱི་སྐྲ་བྱུང་བ་དང། ལྕེ་རྩེས་རྩ་དེ་བཙལ་ཞིང་བསྐུལ་བ་ན་རྩ་དེའི་ཁ་བྱེ་འོང་ ལ། དི་ནས་སྙོམས་པར་འཇུག་ཅིང། རྡོ་རྗེ་དབྱིབས་ཀྱི་དབང་ཕྱུག་མའི་རྩ་དེ་རང་གི་ནོར་བུའི་ནང་ན་རྩ་དབུ་མའི་མར་སྣ་ཡོད་པས། དེའི་རྩེ་དང། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩའི་རྩེ་གཉིས་ཕྲོད་པར་བྱ་སྟེ། རྩ་དེའི་རྩེ་མོ་ནོར་བུའི་དབུས་ཀྱི་རྩ་འཁོར་གྱི་ [057A]༄༅། །དྷཱུ་ཏཱིའི་ནང་ན་ཞུགས་པས། རང་གི་དབུ་མའི་མར་སྣ་ཁ་བྱེ་ནས་དབུ་མར་རླུང་ཞུགས་པས་རོ་རྐྱང་གི་རྩ་གཉིས་སུ་རླུང་རྒྱུ་བ་འགགས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དང་ཕྱག་རྒྱ་གཉིས་ཀྱི་རྒྱུད་ལ་སྐྱེ་བར་འགྱུར་རོ། །ཕྱག་རྒྱ་སྲོག་ རྩེལ་དུ་འགྲོ་བའི་ཞལ་གདམས་སོ། །ད་དུང་ཕྱག་རྒྱའི་མཚན་ཉིད་དབྱེ་བ། བརྟག་ཐབས། བརྟེན་ཚུལ། བརྟེན་པ་ལས་ཡེ་ཤེས་སྐྱེ་ཚུལ། བདེ་སྟོང་སྦྱོར་ཚུལ། བོགས་འདོན་དུ་འགྱུར་ཚུལ་སོགས་བླ་མའི་ཞལ་ལས་ཤེས་དགོས་སོ། །ལུས་ལ་གནད་དུ་ བསྣུན་ནས་རྫོགས་པའི་རིམ་པ་བསྒོམ་པ་ལ་ནི། ལུས་ཀྱི་བྱེད་བཅིངས་དང། འཁྲུལ་འཁོར་དང། སྤྱོད་ལམ་ལ་སོགས་པའི་གནད་ཞིབ་པར་ངེས་ནས་ལུས་ཀྱི་བྱེད་བཅིངས་བསྟན་པ་ལས་ཤེས་པར་བྱ་ཞིང་སྐབས་འདིར་སྦྱར་བར་བྱའོ། །འདིར་མ་རྒྱུད་ ཐམས་ཅད་ཀྱི་གཙོ་བོ་བདེ་དགྱེས་གཉིས་ཀྱི་རྫོགས་རིམ་གྲུབ་ཆེན་ནག་པོ་སྤྱོད་པས་བཀྲལ་བའི་དཔྱིད་ཀྱི་ཐིག་ལེ་ལ་གཉིས། རྡོ་རྗེའི་ལུས་ཀྱི་གནས་ཚུལ། དེ་ལ་གནད་དུ་བསྣུན་ནས་རྫོགས་རིམ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གསུམ། གནས་ པ་རྩའི་གསལ་བྱེད། གཡོ་བ་རླུང་གི་གསལ་བྱེད། བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་གསལ་བྱེད་དོ། དང་པོ་ནི། ༈ ཕྱག་འཚལ་ལོ། །དེ་ལ་འདིར་རྫོགས་རིམ་དུ་འཇོག་པར་བྱེད་པ་ལ་སྟོང་ཉིད་ཙམ་གྱིས་འཇོག་མི་ནུས་ ཏེ། སྟོང་ཉིད་རྟོགས་པ་ཐེག་དམན་ལ་ཡང་ཡོད་པའི་ཕྱིར་རོ་།སྟོང་ཉིད་དང་ལྷའི་རྣལ་འབྱོར་ཡོད་པ་ཙམ་གྱིས་ཀྱང་རྫོགས་རིམ་དུ་འཇོག་མི་ནུས་ཏེ། དེ་ནི་རྒྱུད་སྡེ་འོག་མ་གསུམ་ལའང་ཡོད་པའི་ཕྱིར་རོ། །དེ་གཉིས་ཀྱི་སྟེང་དུ་རླུང་གི་རྣལ་འབྱོར་ [057B] སྟོང་པ་དང་ལྷའི་རྣལ་འབྱོར་རླུང་གི་རྣལ་འབྱོར་དང་གསུམ་ག་རྒྱུད་སྡེ་འོག་མ་གསུམ་ལ་ཡོད་པའི་ཕྱིར་རོ། །དེས་ན་འདིར་ལུས་ལ་གནད་དུ་བསྣུན་པའི་བོགས་འདོན་པའི་སྟོང་ཉིད་རྟོགས་པ་རྫོགས་རིམ་དུ་འདོད་པ་ ཡིན་ལ། དེ་ལ་ལུས་ཀྱི་གནད་རྩ་དང་རླུང་དང་ཐིག་ལེ་རྣམས་ཀྱི་གནས་ཚུལ་ཤེས་དགོས་པས། ཐོག་མར་རྩའི་གནས་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་མཚན་ཉིད་ཐེག་པ་ནས་དགའ་བོ་མངལ་འཇུག་གི་མདོར། ལུས་ཀྱི་གཡས་གཡོན་གཉིས་ མདུན་རྒྱབ་གཉིས་ཏེ་བཞིར་རྩ་ཉི་ཁྲི་ཉི་ཁྲི་སྟེ། ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་བཤད་ལ། སྔགས་ཀྱི་ཐེག་པ་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་བཤད། དེ་དག་གི་ནང་ནས་ཀྱང་རྩ་བརྒྱ་ཉི་ཤུ་ནི་རྩའི་གཙོ་བོ་ཡིན་ཏེ། རླུང་དང་རྣམ་པར་ཤེས་ པའི་རྟེན་བྱད་པའི་ཕྱིར་རོ། །དེའི་ནང་ནས་རྩ་ཉི་ཤུ་རྩ་བཞི་ནི་གཙོ་བོ་ཡིན་ཏེ། སྐྲ་དང་སེན་མོ་སོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར། དེ་ལ་བརྒྱ་ཉི་ཤུ་ནི་སྤྱི་བོའི་རྩ་འདབ་སོ་གཉིས། མགྲིན་པའི་བཅུ་དྲུག་སྙིང་གར་བརྒྱད། ལྟེ་བའི་དྲུག་ཅུ་རྩ་བཞི་ རྣམས་ཡིན་ན། །ཉར་བཞི་ནི་འོག་ནས་འཆད་པའི་སྙིང་གའི་རྩ་འདབ་བརྒྱད་ལ་གསུམ་གསུམ་དུ་གྱེས་པའི་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གསུམ་ཉི་ཤུ་རྩ་བཞི་པོ་དེ་ཡིན་ནོ། །དེ་ལ་ཡང་རོ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། རྩ་གཞན་རྣམས་དེ་ལས་སྐྱེ་ དགོས་པའི་ཕྱིར་རོ། །དེ་ལ་མངལ་དུ་དང་པོར་ཆགས་པའི་ཚེ་སྙིང་གའི་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷོའི་རྩ་འདབ་མ་གཉིས་ལ་རིམ་པ་ལྟར་གསུམ་སྐོར་མ་དང་འདོད་མ་སྟེ་ལྔ་དུས་མཉམ་དུ་ཆགས་སོ། །དེ་ནས་ནུབ་ཏུ་ཁྱིམ་མ། བྱང་དུ་གཏུམ་ [058A]༄༅། །མོ་དབུ་མ་དང་ལྷན་ཅིག་ཏུ་བདུད་བྲལ་མ་སྟེ་གསུམ་ཆགས་སོ། །སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་ནི་དེ་རྣམས་ཡིན་ནོ། །ཕྱོགས་ཀྱི་རྩ་བཞི་ནི། རོ་རྐྱང་གཉིས་དབུ་མ་ལ་ནང་དུ་བུག་པ་བརྟོལ་བའི་ཚུལ་གྱི་རྩ་བ་ཟུག་ནས་ཡོད་ དོ།།དེ་ཡང་མཚམས་ཀྱི་རྩ་བཞི་ནི་ཕྱོགས་ཀྱི་རྩ་བཞི་ལས་གྱིས་པ་ཡིན་ལ། དེ་ཡང་དཔེར་བརྗོད་ན་ཤར་གྱི་གསུམ་སྐོར་མ་ལས་ཤར་ལྷོ་མཚམས་ཀྱི་རྩ་དེ་གྱེས་པ་ཡིན་ལ། མཚམས་ཀྱི་རྩ་གཞན་གསུམ་ནི་རིམ་པ་ལྟར་ལྷོའི་འདོད་མ་དང། ནུབ་ཀྱི་ ཁྱིམ་མ། བྱང་གི་གཏུམ་མ་གསུམ་ལས་གྱིས་པ་ཡིན་ནོ། །དེས་ན་སྙིང་གའི་རྩ་འདབ་བརྒྱད་ནི། གསུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་འདབ་བཞི་དང། དེ་ལས་གྱེས་པའི་མཚམས་ཀྱི་རྩ་བཞི་སྟེ་བརྒྱད་པོ་དེ་ཡིན་པས། སྙིང་གར་དང་པོར་ཆགས་པའི་ རྩ་བརྒྱད་དང་མི་གཅིག་གོ་རྩ་བརྒྱད་པོ་དེ་ལས་སྐུ་གསུང་ཐུགས་ཀྱི་རྩ་འདབ་གསུམ་གསུམ་གྱེས་པས་བརྒྱད་གསུམ་ཉི་ཤུ་རྩ་བཞི་ཡིན་ནོ། །ཉེར་བཞི་པོ་དེའི་སྟེང་དུ་སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་བསྣན་པས་དེ་ལ་བྱང་སེམས་འབབ་པའི་ རྩ་སོ་གཉིས་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །ཉེར་བཞི་པོ་དེ་ལ་གསུམ་གསུམ་དུ་གྱེས་པའི་བདུན་ཅུ་རྩ་གཉིས་སུ་འགྱུར་བ་ཡིན་ནོ་།དེ་ཡང་སྐུ་གསུང་ཐུགས་སམ་ཐིམ་པ་དང། ལོངས་སྤྱོད་དང་བདག་པོ་གསུམ་གྱི་སྒོ་ནས་འབྱེད་པ་ཡིན་ནོ། །བདུན་ ཅུ་རྩ་གཉིས་པོ་དེ་ལ་རེ་རེ་ལས་སྟོང་སྟོང་དུ་གྱིས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འོང་བ་ཡིན་ནོ། །དེ་ཡང་རོ་རྐྱང་གསུམ་ཀྱི་གནས་ཚུལ་ཅུང་ཟད་བརྗོད་ན། རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལྕགས་སྒྲོག་གི་ཚུལ་དུ་འཁྱུད་ནས་ཡོད་ལ་ [058B] དེའི་ནང་ནས་མུན་པ་དང་ཁུ་ཁྲག་དང་རླུང་འབྱུང་བས་ན་སྙིང་སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པའི་རྩ་དང། སྐྱེས་པ་བུད་མེད་མ་ནིང་གསུམ་ལས་མ་ནིང་གི་རྩ་དང། ཉི་ཟླ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་ བྱའོ། །དབུ་མའི་གཡས་ན་རོམ་གནས་ཤིང། དེའི་ནང་ནས་ཁུ་བ་ཅུང་ཟད་དང་འདྲེས་པའི་ཁྲག་ཤས་ཆེར་འབབ་པོ། །དེའི་ཁ་ནི་སྟེང་གི་ཕྱོགས་ན་ཡོད་དེ་སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་ལ། སྟེང་གི་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བའི་རྒྱུ་མཚན་ནི་ ཁྲག་ཕྱིར་འཕེན་པ་དང་ནད་དུ་སྡུད་པའི་བྱ་བ་སྟེང་ཕྱོགས་ཀྱི་མགྲིན་པ་ནས་བྱེད་ཅིང། འོག་གི་བུ་ག་ནས་མི་བྱེད་པས་དེའི་དོན་ཡིན་ནོ།།རྐྱང་མ་ནི་དབུ་མའི་གཡོན་ན་ཡོད་ཅིང། ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་པ་ཤས་ཆེར་འབབ་བོ། །དེ་ལ་ཟླ་བ་དང་ སྐྱེས་པ་དང། སྙིང་སྟོབས་དང། ཐབས་ཀྱི་རྩ་ཞེས་བྱ་སྟེ་ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །རོ་མ་ལ་ཉི་མ་དང་བུད་མེད་དང། རྡུལ་དང། ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ་ཁྲག་གཙོ་བོར་འབབ་པའི་སྒོ་ནས་ཡིན་པ་འདྲའོ། །དེ་ལ་རོ་རྐྱང་དབུ་ སྐྱེས་པ་དང། སྙིང་སྟོབས་དང། ཐབས་ཀྱི་རྩ་ཞེས་བྱ་སྟེ་ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །རོ་མ་ལ་ཉི་མ་དང་བུད་མེད་དང། རྡུལ་དང། ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ་ཁྲག་གཙོ་བོར་འབབ་པའི་སྒོ་ནས་ཡིན་པ་འདྲའོ། །དེ་ལ་རོ་རྐྱང་དབུ་ མ་གསུམ་ནི་སྤྱི་བོ་ནས་སུམ་མདོའི་བར་དུ་ཡོད་ལ། དེ་ནས་གསུམ་དུ་གྱེས་ཏེ་རོ་རྐྱང་དབུ་མ་གསུམ་གྱི་ཚན་གཅིག་རྐང་མཐིལ་བར་དུ་འགྲོ་ལ། ཚན་གཅིག་ནོར་བུའི་རྩེའི་བར་དུ་འགྲོ་བས་རྐང་པ་གཉིས་དང་ནོར་བུ་གསུམ་ག་ལ་རྩ་གསུམ་ཡོད་པ་ འདྲ་བ་ཡིན་ནོ། །རྐྱང་མའི་སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་འདྲ་བ་ལ་ལྟེ་བ་ཁོ་ན་ལ་ཁ་ཡོད་ཅེས་པ་ནི་ཁུ་བ་ཕྱིར་འཕེན་པ་དང། ནང་དུ་འཛིན་པ་གཉིས་ཀ་ལྟེ་བ་ནས་བྱེད་པས་དེའི་ཆ་ནས་ཡིན་ནོ། །དེ་ཡང་ལྟེ་བ་ཡན་ཆད་ཀྱི་དབང་དུ་བྱས་པ་ [059A]༄༅། །ཡིན་ལ། ལྟེ་བ་མན་ཆད་དུ་རྐྱང་མ་དབུས་སུ་ཡོད་ཅིང་དྲི་ཆེན་འབབ་ལ། དབུ་མ་གཡོན་ན་ཡོད་ཅིང་ཁུ་བ་འབབ། རོ་མ་གཡས་ན་ཡོད་ཅིང་གཅི་བ་འབབ། སྡོམ་འབྱུང་ལས། རོ་མ་འབྱུང་བའི་ལམ་དུ་བཤད། རྐྱང་མ་ འཇུག་པའི་ལམ་དུ་བཤད་པ་ནི་ཤེས་པའི་ཡུལ་འཛིན་པའི་དུས་སུ་རོ་མའི་ནང་ནས་རླུང་དང་བསྡོངས་ནས་ཕྱིར་དོན་ཏེ་ཡུལ་འཛིན་ཅིང། ཡུལ་ཟིན་ནས་རླུང་དང་ལྷན་ཅིག་ཏུ་རྐྱང་མའི་ནང་ནས་འཇུག་པ་ཡིན་ནོ། །རྩ་འཁོར་བཞིར་བྱང་སེམས་འབབ་པའི་ ཆ་ནས་དགའ་པོ་བྮིའམ། བཅུ་དྲུག་ཏུ་འགྱུར་ཚུལ་ནི། གཏུམ་མོ་བསྒོམས་པས་དམར་ཆ་འཕེལ་ཏེ་བྱང་སེམས་ཞུ་བ་སྤྱི་བོ་ནས་འབབ་པ་ནས་བཟུང་སྟེ། མགྲིན་པར་སླེབ་སླེབ་ཀྱི་བར་ལ་དགའ་བ་བཞིའི་ནང་ནས་དགའ་བ་དང། དགའ་བ་དེ་ལ་ ཡང་དགའ་བའི་དགའ་བ་དང། དགའ་བའི་མཆོག་དགའ་དང། དགའ་བའི་ཁྱད་པར་གྱི་དགའ་བ་དང། དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་ཡོད་པས་དེ་དག་ཀྱང་སྐྱེའོ། །དེ་བཞིན་དུ་བྱང་སེམས་མགྲིན་པ་ནས་འབབ་པ་ནས་བཟུང་སྟེ་སྙིང་གར་སླེབ་ སླེབ་ཀྱི་བར་ནི། དགའ་བའི་ནང་ནས་མཆོག་དགའ་དང། དེ་ལ་ཡང་དགའ་བ་བཞི་ཡོད་པས་དེ་དག་ཀྱང་སྐྱེའོ། །སྙིང་ག་ནས་འབབ་པ་ནས་བཟུང་སྟེ་ལྟེ་བར་སླེབ་སླེབ་ཀྱི་བར་ནི། ཁྱད་པར་གྱི་དགའ་བ་དང། དེ་ལ་ཡང་དགའ་བ་བཞི་ཡོད་པ་ རྣམས་སྐྱེའོ། །ལྟེ་བ་ནས་འབབ་པ་ནས་བཟུང་སྟེ། ནོར་བུའི་རྩེར་སླེབ་སླེབ་ཀྱི་བར་ནི། ལྷན་སྐྱེས་ཀྱི་དགའ་བ་དང། དེ་ལ་ཡང་དགའ་བ་བཞི་ཡོད་པ་རྣམས་སྐྱེའོ། །དེ་ཡང་གྲགས་ཚོད་ལ་རྩ་འཁོར་བཞིར་གྲགས་ཤིང། ཞིབ་ཏུ་བྱས་ན་རྩ་ [059B] དེ་ཡང་བཞི་པོ་དེའི་སྟེང་དུ་གཙུག་ཏོར་ན་རྩ་འདབ་བཞི། གསང་གནས་ལ་རྩ་འདབ་སོ་གཉིས། ནོར་བུའི་དབུས་ན་རྩ་འདབ་བརྒྱད་ཡོད་པའི་རྩ་འཁོར་གསུམ་སྟེ་བདུན་ནོ་།འཁོར་ལོ་དེ་དག་གི་ལྟེ་བ་ལ་རོ་རྐྱང་གཉིས་གང་རུང་གཅིག་གིས་སྟེང་ དང། གཅིག་གིས་འོག་ནས་འཁྱུད་ཡོད་ཅིང། དེ་ཡང་དེ་གཉིས་ཀྱི་བར་ན་དེ་གཉིས་ཀྱིས་མ་སླེབས་པའི་སྟོང་པ་ཅུང་ཟད་རེ་ཡོད་དེ། དེ་ཡང་སྙིང་གའི་དབུ་མའི་ནང་ན་རྣམ་ཤེས་དང་ལྷན་ཅིག་ཏུ་སྐྱེས་པའི་རླུང་ཡོད་ལ། དེ་ལ་ཡེ་ཤེས་ཀྱི་རླུང་མི་ཤིགས་པའི་ ཐིག་ལེ་ཞེས་ཀྱང་ཟེར་རོ། །ཁུ་ཁྲག་གཉིས་ཀྱང་ཡོད་ཅིང། དེ་ལ་རྩ་མདུད་ཀྱི་ཐད་ཀྱི་དབུ་མའི་ནང་ན་ཡོད་དོ། །ལུས་ཟུངས་བཅུ་དྲུག་གི་ནང་ནས་ཁུ་ཁྲག་གཙོ་བོ་ཡིན་ཅིང་གཞན་རྣམས་དེའི་རྣམ་འགྱུར་ཡིན་ལ། དེ་ཡང་དང་པོར་མངལ་དུ་ཆགས་དུས་ཁུ་ཁྲག་སྙིང་ ག་ན་ཡོད་ལ། དེ་ནས་ཁུ་བ་སྟེང་གི་ཕྱོགས་སུ་སོང་སྟེ་གཙོ་བོར་སྤྱི་བོ་ན་གནས། དེ་ཡང་ནམ་དགོས་པ་ན་སྐྱེ་བ་ཡིན་གྱི། སྣོད་དུ་ཆུ་བླུག་པའི་ཚུལ་གྱིས་ཡོད་པ་མིན་ནོ། །ཁྲག་འོག་ཏུ་སོང་སྟེ་གཙོ་བོར་ལྟེ་བར་གནས་ལ་གཏུམ་མོ་འབར་བ་དང་ཐིག་ལེ་འཛག་པའི་ དམིགས་པ་ལྟེ་བ་སོགས་ལ་གཏོད་པའི་རྒྱུ་མཚན་དེ་ཡིན་ནོ། །རྩ་དེ་དག་ཏུ་བྱང་སེམས་དཀར་དམར་དང་རླུང་ཇི་ལྟར་རྒྱུ་བའི་ཚུལ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་ལ། སྟོང་ཕྲག་ཉེར་བཞི་ཚན་པ་གསུམ་དུ་ཡོད་ལ། དེའི་ཚན་གཅིག་ནས་ཁུ་བ་ཆན་ གཅིག་ནས་ཁྲག། ཚན་གཅིག་ནས་རླུང་འབབ་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས་ཁུ་ཁྲག་རླུང་གསུམ་འབབ་ཚུལ་དེ་ཡིན་ནོ་།ཡང་དེའི་གྱེས་གཞིའི་རྩ་བདུན་ཅུ་རྩ་གཉིས་ལ་ཡང་རྩ་ཉེར་བཞི་ཚན་པ་གསུམ་ཡོད་པས། གསུམ་པོ་དེ་ལ་ཡང་ཁུ་ [060A]༄༅། །ཁྲག་རླུང་གསུམ་འབབ་ཚུལ་སྔ་མ་དང་འདྲ་ལ། བདུན་ཅུ་རྩ་གཉིས་པོ་དེའི་གྱེས་གཞིའི་རྩ་ཉེར་བཞི་པོ་དེ་ལ་ཡང་བརྒྱད་ཚན་གསུམ་ཡོད་པས་གསུམ་པོ་དེ་ལ་ཡང་ཁུ་ཁྲག་རླུང་གསུམ་གྱི་འབབ་ཚུལ་སྔ་མ་དང་འདྲའོ། །རྩ་ཉེར་བཞི་པོ་དེའི་ གྱེས་གཞིའི་སྙིང་གའི་རྩ་འདབ་བརྒྱད་ལ་ནི། བཤད་གཅི་གཉིས་ཁུ་ཁྲག་གཉིས། བད་ཀན་ཏེ་བདུད་རྩི་ལྔ་འབབ་བོ། །བརྒྱད་པོའི་གྱེས་གཞི་རོ་རྐྱང་དབུ་མ་གསུམ་ཡིན་ལ། དེ་དག་གི་འབབ་ཚུལ་ནི་སྔར་བཤད་ཟིན་ཏོ། །རྩ་རྣམས་བསྡུས་ན་སྟོང་ཕྲག་བདུན་ ཅུ་རྩ་གཉིས་པོ་དེ་རྩ་བདུན་ཅུ་རྩ་གཉིས་སུ་འདུ་ལ། དེ་ཡང་ཉེར་བཞིར་འདུའོ། །དེ་སྙིང་གའི་རྩ་འདབ་བརྒྱད་དུ་འདུ་བརྒྱད་བོ་དེའང་རོ་རྐྱང་དབུ་མ་གསུམ་དུ་འདུའོ། །རོ་རྐྱང་གཉིས་ཀྱང་དབུ་མར་འདུ་བ་ཡིན་ནོ། །ཡང་གྱེས་ཚུལ་ནི་གོང་ལྟར་རོ། །ལྷ་གཙོ་བོ་ལས་ སྤྲོ་བསྡུ་བྱེད་ཚུ་ནི། སྙིང་གའི་རྩ་དང་རླུང་ལས་ཕྱོགས་ཀྱི་རྩ་དང་རླུང་རྣམས་སྤྲོ་བསྡུ་བྱེད་པ་དེ་ལ་དཔེ་བྱས་པ་བསྒོམ་པ་ཡིན་ནོ། །ཡང་སྙིང་གའི་རྩ་ཞེས་པ་ནི་སྲོག་རྩ་ཡིན་ལ། རྩ་དེ་ཡང་སྒལ་ཚིགས་ཀྱི་ནང་ཙམ་ན་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན་ནོ། །དེ་ ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་ཡོད་དེ། དེའི་མགོ་བོ་གྲུ་གསུམ་དུ་ཡོད་ལ། མགྲིན་པར་གཞོན་ནུ་མའི་ནུ་མ་འདྲ་བ་དང། སྙིང་གར་བ་ཡི་མིག་འདྲ་བ་དང། ལྟེ་བར་པདྨ་འདྲ་བ་དང། གསང་གནས་ན་རྡོ་རྗེ་འདྲ་བ་དང། ནོར་བུའི་རྩེ་ན་ཟར་མའི་མེ་ཏོཌ་དང་དེའི་ཕྱི་ དབྱིབས་འདྲའོ། །དེས་ན་རྩ་དང་རླུང་གང་ཡིན་ཀྱང་སྙིང་ག་ན་ཡོད་དེ་ཞེས་པ་ནི་ནུ་མ་གཉིས་ཀྱི་བར་གྱི་ཐད་དྲང་སྐལ་ཚིགས་ཀྱི་ནང་ཙམ་ན་ཡོད་པ་ལ་གོ་དགོས་སོ། །སྔར་བཤད་པའི་བྱང་སེམས་འབབ་པའི་རྩ་སོ་གཉིས་པོ་དེ་སྤྱི་བོའི་རྩ་འདབ་མིན་ཏེ། དེའི་ནང་ [060B] སོ་གཉིས་པོ་དེ་བདེ་མཆོག་གི་ལྷ་མོ་དང་སྦྱར་ན་རོ་རྐྱང་དབུ་མ་གསུམ་ནི་རྡོ་རྗེ་ཕག་མོ་དང། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་ལྷ་མོ་ཉེར་བཞི་དང། གསུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་ནི་ས་ཆུ་ མེ་རླུང་འབྱུང་བའི་རྩ་ཡིན་པས། བདེ་ཆེན་འཁོར་ལོའི་ལྷ་མོ་བཞི་དང་སྦྱོར་བ་ཡིན་ལ། སྒོ་མཚམས་མ་བརྒྱད་ལ་རྩ་དང་སྦྱོར་རྒྱུ་མེད་པ་འདྲ་གསུང། སྙིང་གའི་དབུ་མའི་ནང་གི་ཧཱུཾ་རིང་པོ་ནི་བདེ་མཆོག་དང། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིའི་ནང་གི་ཁམས་ ཉེར་བཞི་ནི། འཁོར་ལོ་གསུམ་གྱི་དཔའ་བོ་ཉེར་བཞི་དང་སྦྱོར་རོ་།དེ་ཡང་བདུད་བྲལ་མ་ལས་འཆི་བའི་དུས་མ་གཏོགས་གཞི་དུས་སུ་བྱང་སེམས་མི་འབབ་པས་དེ་ལྷ་དང་མི་སྦྱོར་རོ། །དེ་ལ་བདུད་ཟེར་བའི་རྒྱུ་མཚན་ནི་རང་གཞན་གཉིས་ཀར་བྱང་སེམས་འབབ་ པ་འགོག་པའོ། །དེ་ཡང་གཞི་དུས་སུ་སེམས་ཅན་ཐ་མལ་པ་ལ་འཆི་དུས་སུ་མ་གཏོགས་དེའི་ནང་ནས་བྱང་སེམས་མི་འབབ་ཀྱང་ལམ་དུས་ས་མཐོན་པོར་སོང་བའི་ཚེ་འཆི་བའི་གོང་ནས་ཀྱང་དེའི་ནང་ནས་བྱང་སེམས་འབབ་པའོ། །རྩ་སོ་གཉིས་ཀྱི་ཚེ་བདུད་ བྲལ་མ་མ་གཏོགས་སོ་གཅིག་པོ་དེ་བདག་མེད་མ་ལྷ་མོ་བཅོ་ལྔ་དང་ཡང་སྦྱོར་བ་ཡིན་ཏེ། གཙོ་བོ་ལ་རྩ་གསུམ། འཁོར་བཅུ་བཞི་ལ་རྩ་གཉིས་གཉིས་ཏེ་ངེས་སོ་གཅིག་ཐིམ་མོ། །ལྷ་མོ་དེ་དག་བསྐྱེད་པའི་ཡི་གེ་ནི། ཨཱ་ཚེག་དྲག་ཅན་མ་གཏོགས་ པའི་དབྱངས་ལྷག་མ་བཅོ་ལྔ་ཡིན་ནོ། །རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་ལྟེ་བའི་ཁྲག་དང། སྤྱི་བོའི་བྱང་སེམས་ཡར་མར་དུ་འགྲོ་བ་སྲིད་ཀྱི་སྙིང་གའི་རྩ་མདུད་ཀྱི་དབུ་མའི་ནང་གི་བྱང་སེམས་དཀར་དམར་གཉིས་དང། ལྷན་སྐྱེས་ཀྱི་རླུང་ [61A]༄༅། །རྣམས་འཆི་བའི་ཚེ་མ་གཏོགས་འཕོ་འཇུག་མི་བྱེད་པ་ཡིན་ནོ། །རྫོགས་རིམ་གྱི་རྟགས་པ་རྣལ་མ་ཞིག་རྒྱུད་ལ་སྐྱེ་བར་འདོད་ན་དེ་ལ་འཆི་བའི་དུས་ཀྱི་རླུང་གི་འབྱུང་བ་སྡུད་རིམ་ཤེས་དགོས་སོ། །དེ་ལ་བསྐྱེད་རིམ་ཤེས་དགོས་ པས། དེ་ནི་ཐམས་ཅད་སྟོང་པ་སྟེ་འཆི་བའི་འོད་གསལ་ལས། སྟོང་པ་ཉེར་ཐོབ་དྲི་ཟ་བར་སྲིད་སྐྱེ་བའི་སེམས་འབྱུང། དེ་ལས་ཐབས་མཆེད་པ་སྟེ། བར་དོ་དྲི་དང་གནས་ལ་འདོད་པའི་སེམས་འབྱུང། དེ་ལས་ཤེས་རང་སྣང་བ་སྟེ། མངལ་དུ་ སྐྱེ་བ་འཛིན་པའི་སེམས་འབྱུང། དེ་ནས་མངལ་དུ་ཉིད་མཚམས་སྦྱར་མ་ཐག་འབྱུང་བ་བཞི་ག་ཡོད་མོད། འོན་ཀྱང་འབྱུང་བ་རགས་པ་སྐྱེ་བའི་དབང་དུ་བྱས་ན། དང་པོ་རླུང་མེ་ཆུ་ས་རྣམས་རིམ་པར་ལྟར་འབྱུང་ཞིང། དེའི་རྗེས་ནས་གཟུགས་ སོགས་ཕུང་པོ་རྣམས་དང། མིག་སོགས་སྐྱེ་མཆེད་རྣམས་འབྱུང་ལ་དེ་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འབྱུང་ངོ། །དེ་ལ་ཉིན་མཚན་གྱི་དབྱེ་བ་གཉིས་ཀྱིས་ཕྱེ་བས་བརྒྱ་དྲུག་ཅུ་ཡིན་ནོ་།སྡུད་རིམ་དུས་སུ་ས་ཆུ་ལ་ཐིམ། ཆུ་མེལ་ཐིམ་ མེ་རླུང་ལ་ཐིམ། རླུང་སེམས་ལ་ཐིམ། སེམས་སྣང་བ་ལ། དེ་མཆེད་པ་ལ། དེ་ཉེར་ཐོབ་ལ། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་དེ་ནི་འཆི་བའི་འོད་གསལ་ལམ། འཆི་བ་དངོས་ཡིན་ནོ། །དེ་ཡང་ས་ཆུ་ལ་ཐིམ་ཞེས་བརྗོད་ཀྱང་ས་ ཁམས་ཡེ་མེད་དུ་སོང་བ་ནི་མིན་ལ། སས་ཤེས་པའི་རྟེན་མི་བྱེད་པ་ལ་ས་ཆུ་ལ་ཐིམ་ཞས་བརྗོད་པ་ཡིན་ནོ། །ཆུ་མེ་ལ་ཐིམ་ཆུལ་སོགས་ཀྱང་དེ་དང་འདྲའོ། །རླུང་རྣམ་ཤེས་ལ་ཐིམ་ཞེས་པ་སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ [61B] །ཡང་ན་རླུང་རགས་པ་དེ་སྙིང་གའི་རྩ་མདུད་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། །དེའི་དུས་ན་རླུང་རགས་པས་ཤེས་པའི་རྟེན་མི་བྱད་ཀྱང་ལྷན་སྐྱེས་ཀྱི་རླུང་ཕྲ་མས་ཤེས་པའི་རྟེན་བྱེད་པ་ཡིན་ནོ་།རླུང་ཕྲ་བ་གཅིག་པུས་ ཤེས་པའི་རྟེན་བྱེད་ཀྱི་རགས་པས་མི་བྱེད་པའི་དུས་ནི། རླུང་སེམས་སྣང་བ་ལ་ཐིམ་ནས་སྟོང་ཆེན་འོད་གསལ་ལ་ཐིམ་པའི་བར་དུའོ་།དེ་ནས་འོད་གསལ་ལམ་འཆི་བའི་འོད་གསལ་ལས་སྟོང་ཆེན་ཉེར་ཐོབ་དྲི་ཟའི་སེམས་བར་དོ་སོགས་འབྱུང་བ་སྔར་ དང་འདྲའོ། །དེས་ན་གཞི་དུས་སུ་རྩ་དང་རླུང་དང་འབྱུང་བ་རྣམས་དང་པོར་ཆགས་པ་སྙིང་གནས་ཆགས་ལ། མཐར་སྡུད་པ་ཡང་སྙིང་གར་སྡུད་པ་དང་འདྲ་བར་ལམ་བསྐྱེད་རིམ་གྱི་སྐབས་སུ་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལ་སྤྲོ་བསྡུ་མང་དུ་བྱས་ ཏེ་བསྒོམས་པས། རྫོགས་རིམ་གྱི་སྐབས་སུ་འཆི་དུས་ཀྱི་འབྱུང་བ་སྡུད་པ་དགུག་མི་དགོས་པར་དེའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་རྣམས་རིམ་གྱིས་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་སྐྱེ་བ་ཡིན་ནོ། །དེས་བླ་མེད་ཀྱི་རྒྱུད་སྡེ་དུ་ མ་ནས་བསྐྱེད་རིམ་གྱི་སྐབས་སུ་གཞི་དུས་ཀྱི་སྐྱི་ཤི་བར་དོ་གསུམ་དང་སྦྱར་ནས་བསྒོམ་དགོས་པ་མང་དུ་གསུངས་པ་ཡང། རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་གཞན་དང་ཡེ་མི་འདྲ་བ་ལ་དགོངས་པ་ཡིན་ནོ། །ཡང་རྩ་རླུང་ཐིག་ལེ་མང་ དུ་གསུངས་པའི་དགོས་པ་ནི། འཆི་བའི་ཚེ་ལྟེ་བའི་དམར་ཆ་ཡར་འགྲོ། སྤྱི་བོའི་དཀར་ཆ་མར་འོངས་པའི་འདུ་འཕྲོད་ལ་བརྟེན་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་མངོན་དུ་འགྱུར་ལ། དེ་ཡང་གཉིས་སྣང་འགགས་པ་ཙམ་ལ་འོད་གསལ་ [62A]༄༅། །དུ་བཏགས་པ་ཡིན་གྱི། མཚན་ཉིད་པ་ནི་མིན་ནོ། །དེ་དང་འདྲ་བར་ལམ་དུས་སུ་རླུང་དང་ལྟེ་བའི་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་དམར་པོ་དང། དཀར་པོའི་འདུ་འཕྲོད་བྱེད་པ་ཡོད་ཅིང་འདུ་འཕྲོད་བྱུང་དུས་གཉིས་ སྣང་རགས་པ་འགགས་པས་དེའི་དུས་སུ་སྟོང་ཉིད་ཀྱི་ངེས་ཤེས་གསལ་བཏབ་ནས་གཞན་དང་མི་འདྲ་བའི་སྟོང་ཉིད་རྟོགས་པ་ལ་བོགས་འོང་བས་དེ་ལ་དགོངས་ནས་བཤད་པ་ཡིན་ན། །རྩ་ཉེར་བཞི་དང། བདུན་ཅུ་རྩ་གཉིས་དང། སྟོང་ཕྲག་བདུན་ ཅུ་རྩ་གཉིས་ལ་སྐུ་གསུང་ཐུགས་སམ། ལུས་ངག་ཡིད་གསུམ་ལ་སོགས་པ་གསུམ་གསུམ་འབྱེད་པ་དང། གསུམ་དུ་གྲངས་ངེས་པ་ནི་རྩ་དེ་དག་གི་ནང་ནས་འབབ་པའི་རྫས་ལ་བྱང་སེམས་དཀར་དམར་གཉིས་དང་རླུང་གསུམ་དུ་ངེས་པས་དེའི་གནད་ཡིན་ནོ། ། གཞི་དུས་སུ་རྩ་དང་རླུང་ཆགས་པའི་རིམ་པའམ། སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་བསྒོམས་པས། རྫོགས་རིམ་གྱི་སྐབས་སུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་ གསལ་ལ་མཉམ་པར་བཞག་པའི་རྗེས་སུ་དེ་ལས་ལངས་མ་ཐག་ཁོ་ནར་འཇའ་ལུས་ལས་གྲུབ་པའི་ལྷ་སྐུར་ལྡང་བ་ཡིན་ལ། དེ་ནི་འབྲས་དུས་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་དོ། །དེས་ན་བསྐྱེད་རིམ་གྱི་སྐབས་ཁོ་ནར་ལྷའི་ སྐུ་བསྒོམ་ལ། རྫོགས་རིམ་གྱི་སྐབས་སུ་ལྷ་སྐུ་ཡེ་མི་སྒོམ་ན་རྫོགས་རིམ་གྱི་སྐབས་སུ་གཟུགས་སྐུ་གཉིས་ཀྱི་ཐུན་མང་མིན་པའི་ཉེར་ལེན་གྱི་རྒྱུ་མེད་པར་ཐལ་པའི་སྐྱོན་ཡོད་པས་སྐབས་དེར་ཡང་ལྷ་སྐུ་ངེས་པར་བསྒོམ་དགོས་སོ། །རླུང་ [62B] མངལ་དུ་ཉིད་མཚམས་སྦྱར་ནས་སྙིང་གའི་རྩ་མདུད་ཆགས་པའི་ཚེ་དེའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་བའི་སྲོག་འཛིན་གྱི་རླུང་སྐྱེ་ལ། རླུང་དེ་གཉིས་ཀའང་སྲོག་འཛིན་གྱི་རླུང་ཡིན་ནོ། །དེའི་ཚེ་སེམས་ཅན་གྱི་ལུས་ཉའི་རྣམ་ པ་ལྟ་བར་ཡོད་པར། རྒྱུད་རྡོ་རྗེ་འཕྲེང་བར་བཤད། དེ་ཡང་མངལ་དུ་ཞུགས་པའི་ཟླ་བ་དང་པོའི་དུས་ཀྱི་སྐྱེ་ཚུལ་ཡིན་ནོ་།ཟླ་བ་གཉིས་པའི་ཚེ་སྲོག་འཛིན་གྱི་རླུང་ལས་ཐུར་སེལ་གྱི་རླུང་སྐྱེ་ལ། སྲོག་འཛིན་གྱི་རྩ་བའི་གནས་ནི་སྙིང་ག་ཡིན་ཅིང། ཐུར་ སེལ་ཀྱི་རྩ་བའི་གནས་ནི་གསང་གནས་ཡིན་ནོ། །དེའི་ཚེ་ལག་པ་གཉིས་རྐང་པ་གཉིས་ཏེ་བཞི་མགོ་དང་བཅས་པའི་འབུར་བུ་ལྔ་དོད་པས་ལུས་རུས་སྦལ་གྱི་རྣམ་པ་ལྟ་བུ་ཡོད་དོ། །ཟླ་བ་གསུམ་པ་ལ་ཐུར་སེལ་གྱི་རླུང་ལས་མཉམ་གནས་ཀྱི་ རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་ལྟེ་བ་ཡིན་ནོ། །དེའི་ཡན་ལག་ལྔ་ཆང་བ་ལ་ཅུང་ཟད་རྒུར་པོར་ཡོད་པས་ཕག་རྒོད་ཀྱི་རྣམ་པ་ལྟ་བུར་ཡོད་དོ། །ཟླ་བ་བཞི་པ་ལ་མཉམ་གནས་ཀྱི་རླུང་ལས་གྱེན་རྒྱུའི་རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་མགྲིན་ པ་ཡིན་ནོ། །དེའི་ཚེ་སྟོད་ཅུང་ཟད་རྒྱས་པ་སེང་གེའི་རྣམ་པར་ཡོད་དོ། །ཟླ་བ་ལྔ་པ་ལ་གྱེན་རྒྱུའི་རླུང་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་ཚིགས་ཆེན་བཅུ་གཉིས་ཡིན་ནོ། །ཟླ་བ་དྲུག་པ་ལ་མིག་གི་སྒོར་འབྱུང་བའི་རླུང་ཀླུ་ཞེས་ བྱ་བ་སྐྱེ་ལ་འབྱུང་བས་སྐྱེ། ཟླ་བ་བདུན་པ་ལ་རྣ་བའི་སྒོར་འབྱུང་བའི་རླུང་རུས་སྦལ་དང། འབྱུང་བ་ཆུ་སྐྱེ། ཟླ་བ་བརྒྱད་པ་ལ་སྣའི་སྒོར་རྒྱུ་བའི་རླུང་རྩངས་པ་དང། འབྱུང་བ་མེ་སྐྱེ། ཟླ་བ་དགུ་བ་ལ་ལྕེ་ལ་རྒྱུ་བའི་རླུང་ལྷ་སྦྱིན་དང་འབྱུང་བརླུང་སྐྱེ་ [63A]༄༅། །ཟླ་བ་བཅུ་པ་ལ་ལུས་ལ་རྒྱུ་བའི་རླུང་གཞུ་ལས་རྒྱལ་དང་འབྱུང་བ་ནམ་མཁའི་ཁམས་ཏེ། ལུས་ཀྱི་བུག་པ་དང་སྦུབས་རྣམས་འབྱུང། ཡན་ལག་གི་རླུང་ལྔ་པོ་དེ་དག་གཙོ་ཆེར་སྲོག་འཛིན་གྱི་རླུང་ཡིན་ལ། རླུང་གཞན་བཞི་པོ་ དེ་དག་ཀྱང་དབང་པོའི་སྒོ་རྣམས་ལ་རྒྱུ་བ་སྲིད་དོ། །སྲོག་འཛིན་གྱིས་ཆེ་གནས་པ་དང། སྣ་སྒོ་ལ་རྒྱུ་བའི་ལས་བྱེད་ལ་ཐུར་སེལ་གྱིས་བཤང་གཅི་ཐུར་དུ་འདྲེན་པའི་བྱ་བ་བྱེད། མཉམ་གནས་ཀྱིས་ཟས་ཀྱི་དྭངས་མ་མ་ལུས་པ་ལུས་ལ་འགྲེམ་ པའི་བྱ་བ་བྱེད། དྭངས་སྙིགས་འབྱེད་མཁན་ནི་ལྟེ་བའི་གཏུམ་མོའི་མེས་བྱེད། གྱེན་རྒྱུས་ཟས་ལ་མྱང་བ་དང་སྨྲ་བ་སོགས་དང་རླུང་གཞན་རྣམས་གྱེན་དུ་འགྲོ་བའི་བྱ་བ་བྱེད་དོ། །ཁྱབ་བྱེད་ཀྱིས་ལུས་ཀྱི་ནང་གི་རླུང་གཞན་རྣམས་ལ་ཁྱབ་པ་དང། འགྲོ་བ་ སོགས་ཀྱི་བྱ་བ་བྱེད་དོ། །ཐུར་སེལ། སྲོག་འཛིན། གྱེན་རྒྱུ། མཉམ་གནས་བཞི་ནི་རིམ་པ་བཞིན་ས་ཆུ་མེ་རླུང་བཞི་དང། རྡོ་རྗེ་མགོན་པོ། རིན་ཆེན་མགོན་པོ། པདྨ་མགོན་པོ། ལས་ཀྱི་མགོན་པོ་བཞིའི་རླུང་ཡིན་ལ། དེ་ཡང་མགོན་པོ་རེ་རེའི་རླུང་ རྒྱུ་བ་ན། དགུ་བརྒྱ་པ་ཕྲག་རེ་ར་རྒྱུ་ལ། དེ་ལ་འབྱུང་བ་ཆེ་ཆུང་གི་དབང་དུ་བྱས་ན་འབྱུང་བ་ཆེ་བའི་རླུང་ཡིན་ལ་དེ་ལ་ཉིས་བརྒྱ་ཉེར་ལྔ་པ་ཚན་པ་བཞིར་བྱས་ལ། ཚན་པ་རེ་རེ་ལ་གོས་དཀར་མོ་ལ་སོགས་པ་ལྷ་མོ་བཞིའི་རླུང་ཡིན་ཅིང། ལྷ་མོའི་རླུང་ ལ་འབྱུང་ཆུང་གི་རླུང་ཟེར། དེས་ན་མགོན་པོ་རེ་རེའི་རླུང་རྒྱུ་བ་ན། ལྷ་མོ་བཞི་བཞིའི་རླུང་རྒྱུ་བས་འབྱུང་བ་ཆེ་བའི་རླུང་རེ་རེ་རྒྱུ་བ་ན། འབྱུང་བ་ཆུང་བའི་རླུང་བཞི་བཞི་རྒྱུ་བ་ཡིན་ནོ། །མགོན་པོ་བཞིའི་རླུང་གི་ཁྱད་པར་ནི། པདྨ་མགོན་པོའི་རླུང་རྒྱུ་བའི་ཚེ་ [63B] དེའི་ཚེ་དམར་པོས་གཞན་བཞི་ལ་ཁྱབ་པར་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་རིན་ཆེན་མགོན་པོ། རྡོ་རྗེ་མགོན་པོ། ལས་ཀྱི་མགོན་པོ་རྣམས་ལ་ཡང་སེར་པོ་དང། དཀར་པོ་དང། ལྗང་གུ་རྣམས་གཙོ་ཆེ་ཞིང། གཞན་ ཕལ་པའི་ཚུལ་གྱིས་རྒྱུ་བ་ཡིན་ནོ། །དེ་ཡང་ལྷ་མོ་བཞིའི་རླུང་རྒྱུ་བའི་ཚུལ་ནི། མེ་གོས་དཀར་མོའི་རླུང་རྒྱུ་བའི་ཚེ་ནི། སྣ་བུག་གཡས་པ་ལྟ་བུའི་དབང་དུ་བྱས་ན། དམར་པོ་དབུས། གཡོན་པ་ལྗང་གུ་འོག་ལ་དཀར་པོ། སེར་པོ་སྟེང་དང་ སྔོན་པོ་གཡས་ལ་རྒྱུ་བ་ཡིན་ནོ། །དེས་མཚོན་ནས་མེའི་རླུང་རྒྱུ་བའི་ཚེ་ལྗང་གུ་དབུས་དང། མེའི་ས་རྒྱུ་བའི་ཆེ་སེར་པོ་དབུས་དང། མེའི་ཆུ་རྒྱུ་བའི་ཚེ་དཀར་པོ་དབུས་སུ་རྒྱུ་བ་ཡིན་ནོ། །ཡང་མགོན་པོ་བཞིའི་རླུང་རྒྱུ་བའི་ཚེ་སྣ་བུག་གཡས་པ་ལྟ་བུ་ཞིག་ གི་གཡས་གཡོན་ལ་རྒྱུ་ཞེས་བླ་མ་ཁ་ཅིག་གསུང་བ་མི་འཐད་པས། པདྨ་མགོན་པོ་ལྟ་བུ་སྣ་བུག་གཡས་ཁོ་ན་དང། ལས་ཀྱི་མགོན་པོ་གཡོན་ཁོ་ན་དང། རིན་ཆེན་མགོན་པོ་གཉིས་ཀ་ནས་དྲག་ཏུ་རྒྱུ་ཞིང། རྡོ་རྗེ་མགོན་པོ་གཉིས་ཀ་ནས་དལ་པར་ རྒྱུ་བ་ཡིན་ནོ། །དེ་ལ་གསང་བ་འདུས་པའི་ལུགས་ཀྱི་ཉིན་ཞག་ཕྲུགས་གཅིག་ལ་ཐུན་བཅུ་གཉིས། ཐུན་ཕྱེད་པ་ཉེར་བཞི། ཐུན་ཕྱེད་པ་རེ་རེ་ལ་མགོན་པོ་རེ་རེའི་རླུང་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་ལ། དགུ་བརྒྱ་པ་རེ་རེ་ལ་ལྷ་མོ་བཞི་བཞིའི་རླུང་རྒྱུ་བ་དེ་ འབྱུང་ཆེན་གྱི་དཀྱིལ་འཁོར་ཉེར་བཞི། དེ་རེ་རེ་ལ་འབྱུང་ཆུང་གི་དཀྱིལ་འཁོར་བཞི་བཞིར་ཕྱེ་བས་འབྱུང་ཆུང་གི་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྒྱུ་བ་ཡིན་ནོ། །འདི་པའི་ལུགས་ཀྱི་འཕོ་བ་ཉེར་བཞིར་བྱེད་པ་ཡིན་ཏེ། འཕོ་བའི་དོན་ནི་སྣ་བུག་ [64A]༄༅། །གཡས་ནས་གཡོན་དུ་འཕོ་བ་ལྟ་བུ་མིན་ལ། འདི་ནི་དགུ་བརྒྱ་པ་རེ་རེ་སོང་བ་ན་འཕོ་འཇུག་བྱེད་པའི་ཕྱིར་རོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི་མགོན་པོ་བཞིའི་རླུང་ཁོ་ན་ཡིན་ལ། ཁྱབ་བྱེད་ཀྱི་རླུང་ནི་འཆི་ཚེ་མ་ གཏོགས་མི་རྒྱུ་ཞིང། དེའི་ཚེ་ཡང་ཅི་ཙམ་རྒྱུ་བའི་ངེས་པ་མི་སྣང་ཞིང། མན་ངག་སྙེ་མ་ལས། རྒྱ་གར་བའི་བླ་མ་སྔ་རབས་རྣམས་ཀྱི་མན་ངག་ལས། ལྷ་མོ་གཅིག་གིས་རླུང་ཉིས་བརྒྱ་ཉར་ལྔ་རྩ་སོ་གཉིས་ནས་འབབ་པའི་ཚེ། བདུད་བྲལ་མའི་ནང་ ནས་དབུགས་བདུན་བརྒྱ་ལྷག་ཙམ་ཞིག་འབབ་པར་བཤད་ལ། དེ་ལྟར་བདུད་བྲལ་མའི་ནང་དུ་འཆི་བའི་གོང་ནས་རླུང་འབབ་པ་དང་ཁྱབ་བྱེད་ཀྱི་རླུང་འཆི་བའི་གོང་ནས་རྒྱུ་བ་འདྲ་བ་ཞིག་འབྱུང་ལ། འོན་ཀྱང་མན་ངག་དེ་ཡིད་ཆེས་པའི་གནས་སུ་ ཁས་ལེན་པའི་ངེས་པ་མི་སྣང་ངོ། །ཁྱབ་བྱེད་ཀྱི་རླུང་ནི་འབྱུང་བ་ནམ་མཁའི་རླུང་ཡིན་ལ། ས་རླུང་དང། ཆུ་རླུང་དང། མེ་རླུང་དང། རླུང་གི་རླུང་རྣམས་རྒྱུ་བའི་ཚུལ་ནི། རིམ་པ་ལྟར་ཐད་ཀ་དང། འོག་དང། སྟེང་དང། གྱེན་སོགས་ལ་རྒྱུ་ བ་ཡིན་ནོ། །མ་རྒྱུད་ནས་གསུངས་པའི་རྩ་འདབ་ནས་རྒྱུ་ཚུལ་ནི་ཕྱིའི་དབང་དུ་བྱས་ན་ཉིན་ཞག་གཅིག་ལ་དབྱུ་གུ་དྲུག་ཅུ་རེ་བཞི་ཡོད་ལ། དེ་དང་མཐུན་པར་གང་ཟག་གཅིག་ལ་ཉིན་ཞག་གཅིག་ལ་ལྟེ་བའི་འདབ་མ་ནས་དབྱུ་གུ་དྲུག་ཅུ་རེ་བཞིའི་ རླུང་རྒྱུ་ལ། དབྱུ་གུ་རེ་ལ་རླུང་སུམ་བརྒྱ་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་ཡོད་དེ། ཡང་ཉིན་ཞག་གཅིག་ལ་ཆུ་ཚོད་སོ་གཉིས་ཡོད་ལ། དེ་དང་མཐུན་པར་ཆུ་ཚོད་སོ་གཉིས་ཀྱི་རླུང་སྤྱི་བོའི་རྩ་འདབ་ལ་རྒྱུ་ལ། ཆུ་ཚེད་རེ་ལ་རླུང་དྲུག་བརྒྱ་དང་བདུན་ [64B] །ཡང་ཉིན་ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་པ་དང་མཐུན་པར་འཕོ་བ་བཅུ་དྲུག་གི་རླུང་མགྲིན་པའི་རྩ་འདབ་ནས་རྒྱུ་ལ། འཕོ་བ་རེ་རེའི་རླུང་ལ་སྟོང་དང་ཕྱེད་དང་བཞི་བརྒྱ་རེ་ཡོད་ཅིང། ཡང་ཉིན་ཞག་གཅིག་ལ་ཐུན་ཚོད་བརྒྱད་ཡོད་པ་དང་ མཐུན་པར་སྙིང་གའི་རྩ་འདབ་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ལ། ཐུན་ཚོད་རེ་རེ་ལ་རླུང་ཉིས་སྟོང་བདུན་བརྒྱ་རེ་ཡོད་ལ། འདི་དག་ཀྱང་གང་ཟག་གཅིག་གི་ཉིན་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཚུལ་ཡིན་ཅིང། དེ་ཡང་འཁོར་ལོ་བཞི་པོ་ རེ་རེ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྔ་ཕྱི་མ་ཡིན་པར་དུས་མཉམ་དུ་རྒྱུ་བ་ཡིན་ནོ། །དེ་ཡང་ལྟེ་བའི་འདབ་མ་གཉིས་ནས་རླུང་རྒྱུ་བ་རྫོགས་པའི་ཚེ། སྤྱི་བོའི་འདབ་མ་གཅིག་ནས་གཉིས་ལ་འཕོ། སྤྱི་བོའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ་ མགྲིན་པའི་འདབ་མ་གཅིག་ནས་གཉིས་པར་འཕོ་ལ། མགྲིན་པའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ་སྙིང་གའི་འདབ་མ་གཅིག་ནས་གཉིས་པར་འཕོ་བ་ཡིན་ནོ། །དེ་ལྟར་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་ནི། དེ་དག་གི་གནས་ཚུལ་ཐིངས་ ནས་དེ་ལ་གནད་དུ་བསྣུན་པས་སྟོང་པ་དང་བདེ་བ་དབྱེར་མེད་པའི་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཡོད་ལ། སྟོང་པ་ནི་ཡུལ་ལ་བྱེད་པ་དང། ཡུལ་ཅན་ལ་བྱེད་པ་གཉིས་ལས། འདི་ནི་ཤཱནྟི་པས་བཤད་པ་ལྟར་ཡུལ་བདག་མེད་པ་ལྟ་ བུ་ཡིན་ལ། བདེ་བདེ་ལ་རྣམ་པ་མང་དུ་ཡོད་དེ། མཚན་ཉིད་ཐེག་པ་ནས་བཤད་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དང། དབུགས་བགྲངས་པ་ལ་བརྟེན་ནས་སྐྱེས་པའི་ཞི་གནས་ཀྱི་བདེ་བ་དང་རྒྱུད་སྡེ་འོག་མ་ནས་བཤད་པའི་སྲོག་བཀག་ [65A]༄༅། །པའི་རླུང་སྦྱོར་གྱི་བདེ་བ་སེམས་ནི་འདིར་དོན་དུ་གཉེར་བྱ་མ་ཡིན་ལ། འོ་ན་གང་ཡིན་སྙམ་ན། དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་ཡིན་ལ། དེ་ཡང་རླུང་ལ་རྡོར་བཟླས་དང་གཏུམ་མོའི་མེ་དམིགས་བྱས་པའི་ སྟོབས་ཀྱིས་ལྟེ་བའི་དམར་ཆ་འཕེལ་ནས་སྤྱི་བོའི་བྱང་སེམས་ཞུ་སྟེ། ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་སྐྱེ་ལ། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་ལ་དགའ་བའི་བདེ་བ་སྐྱེ་ལ། དགའ་བ་དེས་སྟོང་ཉིད་ཡུལ་དུ་བྱས་ཤིང་བཟུང་ནས་དེ་དང་ སྟོང་ཉིད་གཉིས་ནི་ནམ་མཁའ་ལ་ནམ་མཁའ་ལྟ་བུར་སྦྱོར་བའི་ཚེ། བདེ་སྟོང་དབྱེར་མེད་པའི་ཟུང་དུ་འཇུག་པའི་རྫོགས་རིམ་ཞེས་བྱའོ། །ཡང་སྔགས་ཀྱི་སྐབས་སུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཅེས་བཤད་པའི་སྟོང་པ་ནི་ཆོས་སྐུའི་ཉེར་ ལེན་གྱི་རྒྱུར་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ལ་སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ཁོ་ན་ལ་མི་བྱེད་ཀྱི། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་ཐབས་སྙིང་རྗེ་ཡིན་ནོ། །དེས་ན་སེམས་ཀྱི་ རྟན་ཐིག་ལེ་ཡིན་པས་རྗེ་མར་པ་ནས་བརྒྱུད་པ་རྣམས་ལ་ཉིན་ཞག་གཅིག་ལ་གཉིད་དུ་སོང་མ་སོང་གཉིས་སུ་ངེས་ལ། གཉིད་དུ་སོང་བ་ལ་རྨི་ལམ་ཡོད་མེད་གཉིས་ལས། རྨི་ལམ་མེད་པའི་གཉིད་འཐུག་གི་དུས་སུ་སེམས་ཀྱི་རྟེན་བྱང་སེམས་དཀར་ དམར་སྙིང་ག་ན་གནས་པས་སྙིང་གར་སེམས་འཛིན་ལ། རྨི་ལམ་རྨིས་པའི་དུས་སུ་དེ་གཉིས་མགྲིན་པར་གནས་པས་མགྲིན་པར་སེམས་འཛིན་ལ། གཉིད་དུ་མ་སོང་བའི་དུས་སུ་ལྟེ་བར་གནས་པས་དེར་སེམས་འཛིན་ལ། ཕོ་མོ་སྦྱོར་བ་བྱེད་པའི་ [65B] །དུས་འཁར་བའི་ལུགས་ལ་དང་པོ་གཉིས་སྔ་མ་དང་འདྲ་ལ། ཕྱི་མ་གཉིས་ལྡོག་སྟེ་བཤད་དོ། །གཉིས་པ་ལ་གཉིས། རྫོགས་རིམ་སྤྱིའི་རྣམ་གཞག་མདོ་ཙམ་དུ་བསྟན་པ་དང། སྐབས་སུ་བབ་པའི་དམིགས་ པ་ངོས་བཟུང་བའོ། །དང་པོ་ནི། སྤྱིར་སྔགས་ཀྱི་ལུགས་ལ་རབ་ཚེ་འདི་དང། འབྲིང་བར་དོ། ཐ་མ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་ལས། དང་པོ་ནི་གསང་འདུས་འཕགས་ལུགས་པ་དང་བསྟུན་ན་དང་པོར་སེམས་བསྐྱེད་བྱང་སེམས་ཀྱི་སྡོམ་པ་ བཟུང་ནས་སྤྱོད་པ་ཕར་ཕྱིན་དྲུག་ལ་བསླབ་པ་སོགས་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ནས། དེས་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ་པར་བྱས་ཏེ། རྩ་ལྟུང་དང་སྦོམ་པོ་སོགས་ཀྱི་དམ་ཚིག་དང་སྡོམ་པ་དག་པས་རྒྱུད་དག་པར་བྱས། དེ་ ནས་ཕྲ་ཐིག་གི་བར་བསྐྱེད་རིམ་བརྟན་པར་བྱས། དེ་ནས་རྡོ་རྗེ་གསུམ་གྱི་རྫོགས་རིམ་རྣམས་རྒྱུད་ནས་བཤད་པ་བཞིན་ཐོབ་པར་བྱས་ལ། དེ་ནས་རླུང་སེམས་ཤིན་ཏུ་ཕྲ་བ་ལ་བརྟེན་ནས་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་ལངས་ཏེ། འོད་གསལ་མངོན་དུ་ བྱས་ལ་སློབ་པ་དང་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དོ་།གཉིས་པ་ནི། སེམས་དབེན་ལ་གསུམ་ལས། སེམས་སྣང་བའི་ཡེ་ཤེས་མན་ཆད་ཀྱི་བསྐྱེད་རྫོགས་ཀྱི་ཡོན་ཏན་རྣམས་མཚན་ཉིད་དང་ལྡན་པ་རྣམས་ཐོབ་དགོས་ལ། སྣང་བ་ ཉེར་ཐོབ་ནི་མ་ཐོང་དགོས་ཤིང། སྣང་བ་མཆེད་པ་ནི་ཐོབ་མ་ཐོབ་གང་ཡིན་ཀྱང་དེའི་ཚེ་སྤྱོད་པ་བྱེད་པའི་མཐུན་རྐྱེན་མ་འཛོམ་པའམ། ཡང་ཞིང་ལས་སོགས་ཀྱི་བྲེལ་བའི་དབང་གིས་སྤྱོད་པ་བྱེད་རྒྱུ་མ་བྱུང་བར་འཆི་བའི་ཚེ་དེས་སྤྱོད་པའི་དོད་ [66A]༄༅། །ཐུབ་པར་བྱེད་པ་ནི། འདིར་དཔེ་ཁ་ཅིག་ལས། ནཱ་དའི་གནད་ཀྱིས་འཆི་བའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་སྡུད་མི་ཐུབ་ལ། དེ་མ་ཐུབ་ན་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་མི་འགྱུར་བས། དེ་འཆི་ཁར་མངོན་ དུ་འགྱུར་བའི་ཆེད་དུ་འཆི་ཁར་འབྱུང་བ་སྡུད་པའི་ཚེ་མན་ངག་ནས་བཤད་པའི་འབྱུང་བ་སྡུད་ལུགས་ཀྱི་དམིགས་པ་རྣམས་བསྐྱངས་པས་ཤི་ཟིན་པའི་ཚོད་ཙམ་ན་སྣང་བ་ཉེར་ཐོབ་མངོན་དུ་བྱེད་ཅིང། བར་དོར་སྐྱེས་པའི་ཚོད་ཙམ་ན་སྒྱུ་ལུས་ ཐོབ་ཅིང། དེ་ནས་རྟེན་དེ་ལ་འོད་གསལ་ཟུང་འཇུག་མངོན་དུ་བྱེད་དོ། །ཞེས་འབྱུང་ངོ། འབྱུང་བ་སྡུད་པའི་ཚེ་མན་ངག་གི་འོད་གསལ་མངོན་དུ་བྱས་ལ། དེའི་མཐར་ལོངས་སྐུར་ལངས་དེའི་འོད་གསལ་དང་ཟུང་འཇུག་མངོན་དུ་བྱེད་དོ། ། གསུམ་པ་ནི། ཚེ་འདི་ལ་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་དབང་བསྐུར་མཚན་ཉིད་དང་ལྡན་པ་ཐོབ་པས། དམ་ཚིག་དང་སྡོམ་པ་དག་པར་བྱས་པ་ཅིག་ངེས་པར་ཡན་ལག་ཏུ་དགོས་ལ། བསྐྱེད་རིམ་དང་ལུས་དབེན་རྣམས་རྒྱུད་ ལ་སྐྱེས་མ་སྐྱེས་གང་ཡིན་ཀྱང་རུང་སྐྱེ་བ་བཅུ་དྲུག་ཚུན་ལ་འཚང་རྒྱ་བ་ཡིན་ནོ། །འདི་ལ་སེམས་དབེན་གྱི་རྟོག་པ་སྟོང་པ་གསུམ་གང་ཡང་མ་སྐྱེས་པ་དགོས་ཏེ། སྐྱེས་ན་འདི་ལ་འཚང་རྒྱ་བའམ་ཡང་ན་བར་དོར་འཚང་རྒྱ་བའི་ཕྱིར་རོ། ། ཡང་རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ་བསྐྱེད་རིམ་བརྟན་པ་གཞིར་བཞག་ནས། རླུང་གཏུམ་མོ་སྤྱོད་པ་གསུམ་མཐར་ཕྱིན་ན་ཚེ་འདི་ལ་འཚང་རྒྱ། དེ་ལྟར་མ་ནུས་ན་ད་གཟོད་འཆི་བའི་འོད་གསལ་ཟིན་པའི་དོན་དུ་ད་ལྟ་གཉིད་ [66B] དེ་ལེགས་པོ་ཞིག་བྱུང་ན་ད་གཟོད་འཆི་ཙ་ན་ཐ་མལ་གྱི་འཆི་བ་རང་དགའ་བར་མི་འགྲོ་བར། འོད་གསལ་གཟུང་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་ལ། ད་གཟོད་བར་དོ་ཟིན་པའི་དོན་དུ་ད་ལྟ་དང་པོར་རྨི་ལམ་ གྱི་མན་ངག་ལ་སྦྱངས་ནས་རྨི་ལམ་བཟུང་ལ། དེ་ཟིན་པའི་ཚེ་བར་དོའི་མན་ངག་དང་བསྲེས་ནས་བསྒོམས་པས། ད་གཟོད་བར་དོ་ཟིན་ཏེ་སྦྱངས་པས་ཐ་མལ་གྱི་བར་དོ་རང་དགའ་བར་མི་འཆོར་བར་ལོངས་སྐུར་འཁྱེར་ཤེས། དེ་དུས་ཕན་ཐོགས་ པ་ཡིན་ནོ། །ད་ལྟ་བསྐྱེད་རིམ་ལ་སྦྱངས་ན་བར་དོའི་སྣང་བ་ཐམས་ཅད་ལྷ་སྐུར་འཆར་ཞིང། དེའི་གནད་ཀྱིས་ཆགས་སྡང་ཁེགས་ནས་མངལ་སྐྱེས་ལྟ་བུའི་སྐྱེ་སྒོ་ཁེགས་ནས། སྐྱེ་གནས་སུ་སྐྱེ་བ་མི་ལེན་པར། བར་དོའི་རྟེན་དེ་ལ་ལམ་ལྷག་མ་ རྣམས་བསྒོམས་ཏེ་འཚང་རྒྱ་བ་ཡིན་ལ། བར་དོར་འཚང་རྒྱ་མི་ནུས་པར་སྐྱེ་གནས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་དགོས་པ་དེ་ནི་འཕོ་བ་དང་གྲོང་འཇུག་གི་གདམས་ངག་སྒོམ་པ་ཡིན་ལ། འདི་ནི་རྒྱུད་ཀྱཻ་རྡོ་རྗེ་སོགས་ཀྱི་ དགོངས་པ་ཡིན་གསུང་ངོ། །འདི་ནི་གདམས་ངག་ལེགས་པོ་ཕན་ཆེ་བ་ཞིག་སྣང་ངོ། །འོན་ཀྱང་བར་དོར་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་ཁེགས་སླ་ཆུག་ཀྱང། སྐྱེ་གནས་གཞན་གསུམ་ཨེ་ཁེགས་ཡིན་གསུང་ངོ། །དེ་ཡང་རྣལ་འབྱོར་ བླ་མེད་ཀྱི་རྫོགས་རིམ་གྱི་གནད་དམ་གཙོ་བོ་ནི། སྤྱི་བོའི་བྱང་སེམས་འབབ་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་དང། སྟོང་ཉིད་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཡིན་པར་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་སོགས་པའི་རྒྱ་གར་གྱི་མཁས་གྲུབ་ [67A]༄༅། །ཁུངས་མ་ཐམས་ཅད་ཞལ་མཐུན་ལ། སྤྱི་བོའི་བྱང་སེམས་ཞུ་བའི་ཐབས་སུ་རླུང་སྦྱོར་དང་མེ་དམིགས་སོགས་མང་པོ་ཞིག་གསུངས་ཀྱང། དེ་ཐམས་ཅད་གཏུམ་མོར་འདུ་བ་ཡིན་ནོ། །དེ་ཡང་སྦྱོར་དྲུག་གི་ལུགས་ཀྱི་ནི། སོར་ བསམ་གཉིས་ཀྱིས་རྩ་དབུ་མའི་ལམ་སྦྱངས་ནས། སྲོག་རྩོལ་གྱི་རླུང་དབུ་མར་འཇུག་ཅིང་འཛིན་པས་ཆུད་པ་དེ་བརྟེན་པར་བྱེད་ལ་རྗེས་དྲན་གྱི་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེ་ལ། དེ་ནམ་སྐྱེས་པ་ནས་ཏིང་ ངེ་འཛིན་གྱི་ཡན་ལག་ཐོབ་པ་ཡིན་ལ། དེ་ནས་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་མ་ཐག་ཏུ་འཚང་རྒྱ་བ་ཡིན་ནོ། །གསང་འདུས་འཕགས་ལུགས་པའི་ལུགས་ནི། ངག་དབེན་རྡོར་བཟླས་མཐར་ཕྱིན་པའི་སྟོབས་ཀྱིས་སྤྱི་བོའི་ བྱང་སེམས་ཞུ་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་ལ། དགའ་བ་དེས་སྟོང་ཉིད་ཡུལ་དུ་བཟུང་བ་ལ། བདེ་སྟོང་དབྱེར་མེད་ཟེར་བ་མ་གཏོགས་སྟོང་པ་ལ་བདེ་བས་རྒྱས་བཏབ་པ་དང། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་ལྟ་བུའི་བདེ་སྟོང་དབྱེར་མེད་ཀྱི་དོན་མིན་ ནོ། །དེ་ལ་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བ་ལ་སྤྱི་བོའི་བྱང་སེམས་ཞུ་དགོས་པས་ཐིག་ལེ་དཀར་པོ་ཞུ་རྒྱུ་ཡིན་ལ། དེ་ཞུ་བ་ལ་ལྟེ་བའི་དམར་ཆ་འབར་དགོས། དེ་ཡང་རླུང་གིས་སྦར་དགོས་ཏེ་ཐིག་ལེ་དཀར་དམར་དང་རླུང་གནས་པའི་གཞི་ནི་རྩ་ཡིན་པས། རྫོགས་ རིམ་གྱི་སྐབས་སུ་རྩ་རླུང་ཐིག་ལེ་རྣམས་ཞིབ་པར་འཆད་པའི་རྒྱུ་མཚན་དེ་ཡིན་ནོ། །དེ་ཡང་དབུ་མ་མི་བསྐྱོད་པའི་རྩ་ཡིན་པས་ཁ་དོག་སྔོན་པོར་ཡོད་ལ། རོ་མ་འོད་དཔག་མེད་ཀྱི་རྩ་ཡིན་པས་ཁ་དོག་དམར་པོ་དང། རྐྱང་མ་རྣམ་སྣང་གི་རྩ་ཡིན་པས་དཀར་པོ་ [67B] །དམིགས་བསལ་ལ་གཏུམ་མོ་འབར་བའི་ཚེ་ན་གང་དུ་འབར་བའི་རྩ་རྣམས་ཏིལ་མར་གྱི་མར་མེའི་མདོག་ལྟ་བུར་ཡོད་དོ། །དེ་ཡང་སྙིང་ཁའི་རྩ་མདུད་ཀྱི་ནང་གི་རྩ་དབུ་མའི་འོག་ཕྱོགས་ཀྱི་བུ་ག་ནི་ཁ་བྱེ་བ་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཞིག་ཡོད་ དོ། །རྩ་མདུད་ཀྱི་ནང་གི་རྩ་དབུ་མའི་ནང་གི་ཧཱུཾ་ནི་ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། མི་མཐུན་པའི་རྟོག་པ་འཇོམས་པའི་དཔའ་བོ། འདོད་པ་སྒྲུབ་པ་ལ་གཞན་གྱིས་མི་ཤིགས་པ་དང། གཏུམ་མོ་ལ་བརྟེན་ནས་བདེ་བ་སྐྱེ་བས་ས་བོན་དང། བྱང་སེམས་འཛག་པ་དང་ ཚད་ཡུངས་འབྲུ་ཙམ་ཡོད་པ་ཡིན་ནོ། །བདག་མེད་མ་དེ་ཨ་ཐུང་ནི་རྒོད་མ་ཁའི་མེ་ཞེས་བརྗོད་ཀྱང་གླིང་བཞི་པོ་རང་རང་གི་ལྷོ་ཕྱོགས་ཀྱི་ལྕགས་རི་ནག་པོའི་འོག་གི་མེས་ཆུ་སྐེམ་པ་དང་འདྲ་བར་ལྟེ་བའི་དམར་ཆ་འབར་བ་ནས་སྤྱི་བོའི་བྱང་སེམས་ཞུ་བར་ལྷན་ སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ་གཟུང་འཛིན་གྱི་རྣམ་རྟོག་གཅོད་པ་ཡིན་ནོ། །ལྟེ་བ་སོགས་སུ་ཨ་ཐུང་སོགས་བསྒོམ་པའི་རྒྱུ་མཚན་ནི། ནཱ་རོ་པཎ་ཆེན་གྱི་སློབ་མ་ཁ་ཅིག་སྤྱི་བོ་ནས་བྱང་སེམས་འབབ་པའི་ཚེ། དེ་ནས་འབབ་པའི་བྱང་སེམས་ལ་ཆ་བཞིར་ བགོས་པའི་ཆ་གཅིག་མགྲིན་པར་འབབ་པའི་ཚེ་བསྐམས་ཤིང་མགྲིན་པར་ཆ་གསུམ་ཡོད་པས། དེ་དང་བསྟུན་ནས་མགྲིན་པའི་ཨཱ་ལ་རིང་ཆ་གསུམ་འགྱུར་དང། སྙིང་གར་འབབ་པའི་ཚེ་ན་ཆ་གསུམ་དུ་བགོས་པའི་ཆ་གཅིག་བསྐམས་ པས་སྙིང་ཁའི་ཧཱུཾ་ལ་རིང་ཆ་གཉིས་དང་ལྡན་པ་དང། ལྟེ་བར་སླེབས་པའི་ཚེ་ན་ཆ་གཉིས་པོའི་ཆ་གཅིག་བསྐམས་པས་ལྟེ་བའི་ཨ་ལ་རིང་ཆ་མི་འོང་བའི་རྒྱུ་མཚན་དེ་ཡིན་ནོ་གསུང་ངོ་།སློབ་དཔོན་ཨ་བྷ་ཡས་ནང་ [68A]༄༅། །གི་སྒྲ་འདོན་ལུགས་ལ་བརྟགས་ནས་བྱེད་དོ། །གསང་གནས་ནས་རླུང་སྟོད་ལ་འགྲོ་བའི་ཚེ་ལྟེ་བར་སླེབས་པ་ན་ཨ་ཐུང་གི་སྒྲ་སྒྲོག་པ་དང། སྙིང་གར་སླེབས་པ་ན་ཧཱུཾ་རིང་ཆ་གཉིས་ཀྱི་སྒྲ་སྒྲོག་པ་དང། མགྲིན་པར་སླེབས་པ་ན་ཨོཾ་ ལ་རིང་ཆ་གསུམ་དང་ལྡན་པའི་སྒྲ་སྒྲོག་པས་དེའི་ཆ་ནས་ལྟེ་བར་ཨ་ཐུང། སྙིང་གར་ཧཱུཾ་རིང་པོ། མགྲིན་པར་ཨོཾ་རིང་ཆ་གསུམ་དང་ལྡན་པར་བསྟན་པའི་དོན་དེ་ཡིན་ནོ། །མདོར་བསྡུ་ན་སྨད་ནས་སོང་བའི་རླུང་དེ་ལྟེ་བར་ཨ་ཐུང་གི་ཡུན་དང། སྙིང་གར་ཧཱུཾ་གི་ སྒྲ་སྒྲོག་པའི་ཚེ་ཨ་ཐུང་ཉིས་འགྱུར་གྱི་ཡུན་དང། མགྲིན་པར་ཨོཾ་གྱི་སྒྲ་སྒྲོག་དུས་ཨ་ཐུང་གསུམ་འགྱུར་གྱི་ཡུན་ཡོད་པས་ཧཱུཾ་ལ་རིང་ཆ་གཉིས་དང། ཨོཾ་ལ་རིང་ཆ་གསུམ་ཡོད་དོ།། ༈ སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བ་ནི་ བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་བསྒོམ་པ་དང། ཐུན་བཞིའི་ཚེ་ན་གསུམ་ལ་བསྐྱེད་རིམ་གཅིག་ལ་རྫོགས་རིམ་བསྒོམ་པ་དང་བསྐྱེད་རིམ་ཐུན་བཞིར་བསྒོམས་པའི་ཐུན་རེ་རེའི་མཐར། རྫོགས་རིམ་སྒོམ་པ་དང་གསུམ་ལས། འདིར་ཐ་མའི་ ལུགས་ཡིན་ལ། དེ་ཡང་དང་པོར་ལྷ་གང་ཡིན་གྱི་མངོན་རྟོགས་བསྒོམས་ནས། དེ་རྗེས་བླ་མའི་རྣལ་འབྱོར་བསྒོམ་ཞིང། བླ་མ་ལ་གསོལ་བ་བརྒྱ་རྩ་ཙམ་རེ་འདེབས་ལ། དེ་ནས་སྤྱི་གཙུག་ནས་ལྟེ་བའི་བར་གྱི་རྩ་གསུམ་པོའི་གནས་ཚུལ་དང་ཁ་ དོག་རྣམས་གསལ་འདེབས་ཤིང། ལྟེ་བ་ན་རྩ་དམར་པོ་འདབ་མ་བརྒྱད་པ་གདུགས་ཁ་གྱེན་དུ་བསྟན་པ་ལྟ་བུ། སྙིང་ག་ན་རྩ་དཀར་པོ་འདབ་མ་བརྒྱད་པ་གདུགས་ཁ་སྤུབ་པ་ལྟ་བུ། མགྲིན་པ་ན་རྩ་དམར་པོ་འདབ་མ་བཅུ་དྲུག་པ་གདུགས་ཁ་གྱེན་ལ་ [68B] སྤྱི་བོ་ན་ཁ་དོག་སྣ་ཚོགས་པའི་རྩ་འདབ་སོ་གཉིས་པ་གདུགས་ཁ་སྤུབ་པ་ལྟ་བུ་གསལ་བཏབ་ནས། ལྟེ་བའི་རྩ་མདུད་ནང་དུ་ཟླ་བའི་གདན་གྱི་སྟེང་དུ་ཨ་དམར་པོ་མགོ་གྱེན་ལ་བལྟ་བ། སྙིང་གའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཱུཾ་སྔོན་པོ་མགོ་ཐུར་ དུ་བསྟན་པ། མགྲིན་པའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དམར་པོ་མགོ་གྱེན་དུ་བསྟན་པ། སྤྱི་བོའི་རྩ་འདབ་ནང་དུ་ཟླ་བའི་སྟེང་དུ་ཧ་དཀར་པོ་མགོ་ཐུར་དུ་བསྟན་པ་རྣམས་བསྒོམས་ལ་གཙོ་ཆེར་ལྟེ་བའི་ཨ་ཐུང་ལ་སེམས་འཛིན་པ་ཡིན་ནོ། །ཡི་གེ་གཞན་ གསུམ་ལ་ཡང་སེམས་ཅུང་ཟད་རེ་འཛིན་ནོ། །གོང་གི་རྩའི་ཁ་དོག་བཤད་པ་དེ་རྣམས་འདབ་མ་རྣམས་ཀྱི་ཁ་དོག་ཡིན་ནོ། །ཡང་བསྒོམས་པའི་ཚེ་རྩ་མདུད་ཅུང་ཟད་གྲོལ་བའམ། ལྷོད་དེ་སོང་བར་བསམས་ནས་རྩ་མདུད་དེ་དག་གི་ནང་དུ་ཡི་གེ་དེ་དག་བསྒོམ་ པ་ཡིན་ནོ། །རྩ་འཁོར་བཞི་པོ་དེ་དག་ཀྱང་བསྡུ་ན་རོ་རྐྱང་དབུ་མ་གསུམ་དུ་འདུ། རྩ་འཁོར་གྱི་ཡི་གེ་བཞི་པོ་ཡང་བསྡུ་ན་ཨེ་ཝཾ་གྱི་ཡི་གེ་གཉིས་སུ་འདུ་ལ། དེ་ཡང་ཨེ་ལ་ཡི་གེ་གཉིས་ལས་ཐབས་ཀྱི་རྩ་ནི་སྤྱི་བོའི་རྩ། ཤེས་རབ་ཀྱི་རྩ་ནི་ལྟ་བའི་རྩ་ འཁོར་ཡིན་ཅིང། དེ་གཉིས་ཀྱང་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་དོ། །ཝཾ་གྱི་རྩ་ལ་གཉིས་ལས། ཐབས་ཀྱི་རྩ་ནི་མགྲིན་པའི་རྩ་ཤེས་རབ་ཀྱི་རྩ་ནི་སྙིང་གའི་རྩ་འཁོར་ཡིན་ལ། དེ་གཉིས་ཀྱི་དབྱིབས་ཀྱང་གདུགས་ལྟར་ཡོད་དོ། །རྩ་འདབ་དེ་དག་ལ་ཡི་ གེ་འགོད་ཚུལ་ནི། རྒྱས་པར་བློས་མི་ལྕོགས་ན་གོང་དུ་བཤད་པ་ལྟར་གྱི་རྩ་འཁོར་བཞི་པོ་དེའི་ལྟེ་བ་ལ་ཡི་གེ་བཞི་འགོད་ལ་རྒྱས་པ་བློས་ལྕོགས་ན་ལྟེ་བའི་རྩ་འདབ་བརྒྱད་ལ་སྡེ་ཚན་བརྒྱད་ཀྱི་ཡི་གེ་རྣམས་འགོད་པ་ཡིན་ཏེ། སྤྱིར་ལྟེ་བ་ལ་རྩ་མདུད་ [69A]༄༅། །ཀྱི་ཕྱི་རོལ་ལ་རྩ་འདབ་བཞི་དང། དེའི་ཕྱི་རོལ་ཏུ་འདབ་མ་བརྒྱད། དེའི་ཕྱི་རོལ་ཏུ་དུས་འཁོར་བའི་ལུགས་ཀྱི་འདབ་མ་བཅུ་གཉིས། རྒྱུད་གཞན་གྱི་ལུགས་ལ་འདབ་མ་བཅུ་དྲུག་དེའི་ཕྱི་རོལ་ཏུ་འདབ་མ་རེ་བཞི་རྣམས་ཡོད་ པ་ལས། འདབ་མ་གཞན་དང་རོ་རྐྱང་གཉིས་བཏང་སྙོམས་སུ་བཞག་ལ། བར་མ་འདབ་མ་བརྒྱད་བྱས་ལ་བརྒྱད་པོ་དེ་དག་ཐམས་ཅད་ཀྱང་རྩ་དབུ་མ་ལ་ཟུག་པར་བསྒོམས་ལ། འདབ་མ་རྣམས་ལ་ཡི་གེ་འགོད་པའི་ཚེ་སྐབས་གང་དུ་ཡང་གཡས་ སྐོར་དང། ཕྱོགས་ཀྱི་དང་པོ་ཤར་དང། མཚམས་ཀྱི་དང་པོ་བྱང་ཤར་ནས་བྱེད་པའི་སྐབས་འདིར་ཤེས་དགོས་ཤིང། དེ་ཡང་ཕྱོགས་ཀྱི་ཡི་གེ་རྣམས་སྔོན་དང། མཚམས་ཀྱི་ཡི་གེ་རྣམས་རྟིང་ལ་འགོད་དགོས་ལ། དེ་ཡང་ལྟེ་བའི་ཤར་ལྷོ་ ནུབ་བྱང་བཞི་ལ་རིམ་པ་བཞིན་ནོ། །ཨའི་སྡེ་ཚན་དབྱངས་ཡིག་བཅུ་དྲུག་དང། ཀ་སྡེ་དང། ཙ་སྡེ་དང། ཊ་སྡེ་རྣམས་བཀོད་ནས་བྱང་ཤར། ཤར་ལྷོ། ལྷོ་ནུབ། ནུབ་བྱང་སྟེ། མཚམས་བཞིར་རིམ་པ་བཞིན་དུ། ཏ་སྡེ་དང། པ་སྡེ་ དང། ཡ་སྡེ་དང་ཤ་སྡེ་རྣམས་བཀོད་དོ། །སྡེ་ཚན་དེ་རྣམས་ཞིབ་པར་བཀོད་མི་ནུས་ན་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པ་ལྟར་ཨ་ཀ་ཙ་ཊ་རྣམས་དང། ཏ་པ་ཡ་ཤ་སྟེ་བརྒྱད་འགོད་དོ་།སྙིང་གའི་རྩ་འདབ་ཀྱི་ཕྱོགས་བཞི་དང། མཚམས་ བཞི་ལ་རིམ་པ་ལྟར་ཨ་ཨི་ཨུ་ཨེ་རྣམས་དང། ཡ་ར་ལ་ཝ་སྟེ་ཐུང་དུ་བརྒྱད་འགོད་དོ། །མགྲིན་པའི་རྩ་འདབ་བཅུ་དྲུག་ལ་སྙིང་གའི་ཡི་གེ་བརྒྱད་པོ་རིང་ཆ་ཅན། ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང། མཚམས་བཞི་ལ་རིམ་པ་ལྟར་ [69B] དེ་ཡང་དང་པོར་ཤར་གྱི་འདབ་མ་ལ་འགོད། ལྷག་མ་རྣམས་རྩ་རེ་རེ་བར་སྐབས་སུ་བཞག་ནས་འགོད་དོ། །སྤྱི་བོའི་རྩ་འདབ་སོ་གཉིས་ལ་དབྱངས་ཡིག་བཅུ་དྲུག་འགོད། དེ་ཡང་ཤར་ལ་ཨ་ཐུང་བཀོད་ནས་དེ་ནས་རྩ་ལྷག་མ་རྣམས་ རྩ་རེ་རེ་བར་སྐབས་སུ་བཞག་ནས་འགོད་པ་སྔར་དང་འདྲའོ་།འདབ་མའི་རྩ་རྣམས་ཀྱི་ཡི་གེའི་ཁ་དོག་ནི། རང་རང་གི་ལྟེ་བའི་ཡི་གེའི་ཁ་དོག་དང་འདྲ་ཞིང། ཡི་གེ་ཐམས་ཅད་ཀྱང་ཟླ་ཕྱེད་ཐིག་ལེ་ནཱ་ད་དང་བཅས་པ་ཡིན་ལ། དེ་དག་ཀྱང་བ་མོ་ལྟ་ བུའི་བདུད་རྩི་འཛག་པའི་རྣམ་པ་ཅན་སྒོམ་དགོས་པ་ཡིན་ནོ། །རྩ་མདུད་རྣམས་ཀྱི་ཡི་གེ་བསྒོམས་པའི་དགོས་པ་ནི་རྩ་མདུད་འགྲོལ་བའི་ཆེད་ཡིན་ཅིང། འདབ་མའི་ཡི་གེ་བསྒོམས་པའི་དགོས་པ་ནི། འདབ་མའི་རླུང་སེམས་དབུ་མར་འདུ་བའི་དགོས་ པ་ཡོད་དོ། །གསལ་བྱེད་ཀྱི་ཡི་གེ་རྣམས་འགོད་པའི་དུས་སུ་ཀྵ་ཡིག་འགོད། མགོ་ཕྲེང་ལྔ་བཅུའི་དག་པ་སྦྱོར་བའི་ཚེ་ཀྵ་དང་བཅས་པའི་གསལ་བྱེད་སོ་བཞི་དང། དབྱངས་བཅུ་དྲུག་དང་སྦྱོར་བ་ཡིན་ནོ། །རྩ་ནང་ནས་དབྱངས་རྣམས་ཁ་གྱེན་ལྟ། གསལ་ བྱེད་རྣམས་ཐུར་ལྟར་བཤད་པ་ནི། རོ་རྐྱང་དབུ་མ་གསུམ་གྱི་ནང་གི་ཡི་གེ་ཡིན་གྱི་འདབ་མའི་ཡི་གེ་མིན་ནོ། །འདབ་མ་རྣམས་ལ་ཡི་གེ་འགོད་ཚུལ་ནི། ཤར་གྱི་འདབ་མ་ལྟ་བུའི་དབང་དུ་བྱས་ན་ཤར་གྱི་འདབ་མའི་ཕྱིའི་ཕྱོགས་ནས་རིམ་པ་ལྟར་ ཡོད་དོ། །དེའི་ཕྱིའི་ཐ་མ་ན་ཨ་ཡོད་དོ། །དེའི་མདུན་ཨཱ་རིང་ཆ་ཅན་ཡོད་ཅིང། དེས་དབྱངས་ཀྱི་ཡི་གེ་གཞན་རྣམས་ལའང་འགོད་ཚུལ་རིགས་འགྲེལ། འདབ་མ་གཞན་རྣམས་ལ་ཀ་སྡེ་སོགས་སྡེ་ཚན་གཞན་གྱི་ཡི་གེ་རྣམས་ཀྱང་ཕྱི་ནས་ནང་ [70A]༄༅། །ཕྱོགས་ལ་རིམ་པ་ལྟར་འགོད་པ་ཡིན་ནོ། །དེ་ཡང་ཡི་གེ་ལངས་པའི་རྣམ་པ་ཅན་གདོང་ལྟེ་བའི་ཡི་གེ་ལ་བསྟན་པའི་ཚུལ་གྱིས་འགོད་དགོས་སོ། །འདབ་མའི་ཡི་གེ་རྣམས་ལ་ཟླ་གདན་མ་བཤད་པས་མི་དགོས་ཤིང། ཡི་ གེ་རྣམས་གཙོ་ཆེ་ཆུང་མ་གཏོགས་པ་དབྱངས་གསལ་འདྲེས་མ་ཡིན་ལ། དབྱངས་རྣམས་ཟླ་ཕྱེད། ཐིག་ལེ་ནཱ་ད་རྣམས་གསལ་བྱེད་ཡིན་ནོ། །དེ་ཡང་ལྟེ་བའི་ཡི་གེ་རྣམས་ཀྱི་དབང་དུ་བྱས་ན་དབུས་ཀྱི་ཨཾ་ནི་དབྱངས་ཤས་ཆེ་ཞིང་གསལ་བྱེད་ཤས་ཆུང་ ཤར་གྱི་འདབ་མའི་ཡི་གེ་མ་གཏོགས་ཕྱོགས་ཀྱི་ཡི་གེ་རྣམས་ལ་དབྱངས་ཡིག་མེད་པས། འདབ་མ་རྣམས་དབྱངས་ཤས་ཆུང་ཞིང་གསལ་བྱེད་ཤས་ཆེའོ། །སྙིང་གའི་རྩ་མདུད་ཀྱི་དབུས་ཀྱི་ཧཱུཾ་ཡིག་ནི་གསལ་བྱེད་ཤས་ཆེ་ལ། མགྲིན་པའི་རྩ་ འདབ་ཀྱི་དབུས་ཀྱི་ཨོཾ་ཡིག་ནི་དབྱངས་ཤས་ཆེ་ཞིང། དེ་གཉིས་ཀྱི་འདབ་མའི་ཡི་གེ་རྣམས་ནི་དབྱངས་གསལ་ཆ་མཉམ་པའོ། །སྤྱི་བོའི་རྩ་མདུད་ཀྱི་དབུས་ཀྱི་ཡི་གེ་ཧཾ་ནི་གསལ་བྱེད་ཤས་ཆེ་དེའི་འདབ་མའི་ཡི་གེ་རྣམས་ནི་དབྱངས་ཤས་ཆེ་ བ་ཡིན་ནོ། །དེ་ཡང་དབྱངས་རྣམས་ཀྱིས་བྱང་སེམས་དཀར་པོ་དང་གསལ་བྱེད་རྣམས་ཀྱིས་བྱང་སེམས་དམར་པོ་མཚོན་ནོ། །འདབ་མའི་ཡི་གེ་རྣམས་གསལ་གདབ་ནས་དེ་ལ་སེམས་ཟིན་ན་ནི་ལེགས་ལ། མ་ཟིན་ཀྱང་འཁོར་ལོ་བཞིའི་ དབུས་ཀྱི་ཡི་གེ་བཞི་པོ་ཤིན་ཏུ་ཕྲ་བ་ཡུངས་ཀར་འབྲིང་པོའི་ཆེད་ཙམ་ལ་སེམས་ཟིན་ནས་གནས་ཆ་ཅུང་ཟད་རྙེད་ན་དེས་ཆོག་པས། དེ་རྙེད་རྙེད་དུ་བསྒོམས་ལ་ཡི་གེ་ལ་གསལ་སྣང་ཤར་བ་ན་དམིགས་པ་སྤོ་རན་གསུང། དེ་རྙེད་ན་ཐིག་ལེ་ [70B] །ཡི་གེ་ཕྲ་མོ་སྒོམ་པ་ནི་ཐིག་ལེའི་དམིགས་རྟེན་རྙེད་པའི་ཆེད་ཡིན་པའི་ཕྱིར་རོ། །ཐིག་ལེ་ལ་སེམས་ཟིན་པའི་དུས་སུ་འདི་ལྟར་བྱ་སྟེ། སྔར་གྱི་དམིགས་པ་རྣམས་རིམ་པ་ལྟར་གསལ་བཏབ་ལ། དེ་ནས་ སུམ་མདོ་ནས་ལས་ཀྱི་རླུང་གཡོས་པས་ལྟེ་བའི་ཨཾ་ལས་མེ་སྦར་ཏེ་སྤྱི་བོའི་འཁོར་ལོའི་བར་དུ་རྩ་དབུ་མའི་ནང་ན་ཡར་སོང་སྟེ་མེའི་འོད་ཀྱིས་སྤྱི་བོའི་རྩ་འདབ་ཀྱི་ཡི་གེ་རྣམས་ཞུ་ནས་འཁོར་ལོའི་ལྟེ་བར་འདུས་ཤིང་ཧཾ་ཡིག་ཞུ་ནས་ཐིག་ལེར་ གྱུར་པ་དེ་རིམ་གྱིས་མགྲིན་པར་བབས་ཏེ། དེའི་འོད་ཀྱིས་མགྲིན་པའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པ་ཡང་མགྲིན་པ་ནས་བབས་ཏེ་སྙིང་གར་སླེབས་པ་ན། དེའི་འོད་ཀྱིས་སྙིང་གའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་ ཡང་སྙིང་ག་ནས་བབས་ཏེ་ལྟེ་བར་སླེབས་པ་ན་དེའི་འོད་ཀྱིས་ལྟེ་བའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པར་བསམས་ལ་དམིགས་པ་འཛིན་པའི་ཚེ་ཐིག་ལེ་དེ་ཉིད་སེམས་དང་ཐིག་ལེ་རླུང་གསུམ་འདུས་པ་ཡིན་སྙམ་པའི་མོས་པ་སྔོན་ བཏང་ཞིང། བདེ་སྟོང་དབྱེར་མེད་དེའི་ངོ་བོ་ཡིན་སྙམ་དུ་བསམས་ནས་ལྟེ་བའི་རྩ་མདུད་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ཁོ་ན་ལ་སེམས་འཛིན་ནོ། །དམིགས་རྟེན་འཆར་ཕྱིན་ཆད་ཡུངས་ ཀར་འབྲིང་པོའི་ཚད་ཙམ་ཁོ་ན་ལ་སེམས་འཛིན་གྱི་དེ་ལས་ཆེ་བ་དང་ཆུང་བ་གང་ལ་ཡང་མི་འཛིན་ནོ། །དམིགས་རྟེན་ཕྲ་མོ་འཆར་མ་ཐུབ་ན་གང་ཐུབ་ལ་སེམས་འཛིན་ནོ། །དམིགས་རྟེན་ཕྲ་མོ་ཤར་ནས་དེ་ལ་སེམས་ཅུང་ཟད་ཟིན་པའི་ཚེ་དམིགས་ [071A]༄༅། །པ་འདི་མནན་ནས་བསྒོམ་པ་ཡིན་ནོ། །དེ་ཡང་རང་གི་སེམས་ཐིག་ལེ་ཕྲ་མོ་དེའི་ནང་དུ་ཐིམ་པའི་མོས་པ་བྱས་ནས་ཐིག་ལེ་དེ་ཉིད་ལ་སེམས་འཛིན། །དེ་ལྟར་བསྒོམས་པས་རང་གི་སེམས་དང་ཐིག་ལེ་གཉིས་ཀྱི་བར་ན་གཉིས་སྣང་ཕྲ་ མོ་ཙམ་ཡང་མེད་པར་ཐིག་ལེ་ལ་ཐིམ་པའི་ཉམས་སྣང་ཤར་བའི་ཚེ། ཐིག་ལེ་ལ་དམིགས་པའི་དགོས་པ་གྲུབ་པས་དམིགས་པ་སྤོ་རན་པ་ཡིན་ནོ། །ཡང་དེའི་དུས་སུ་དམིགས་པ་གོང་མ་རྣམས་བསྒོམས་པས་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་མ་ཤར་ ཡང་གོང་གི་དམིགས་པ་རྣམས་བསྒོམས་པའི་རྗེས་སུ་ཐིག་ལེ་ལ་སེམས་འཛིན་པའི་དུས་ཀྱི་སུམ་གཉིས་སམ། ཕྱེད་ཙམ་དུ་ཐུན་རེ་རེ་ལྟར་རླུང་ལ་དམིགས་ནས་བསྒོམ་པ་ཡིན་ཏེ། དེའི་སྒོམ་ཚུལ་ནི། རང་གི་གཞོགས་གཡས་གཡོན་དང། སྟེང་འོག་ གི་རླུང་རྣམས་ལྟེ་བའི་འོག་གི་སུམ་མདོར་བསྡུས་ནས་འདུས་མ་ཐག་ཏུ་རླུང་དེ་རྣམས་དབུ་མའི་ནང་དུ་སླེབས་ཙམ་ནས་མེ་ལང་ལ་ཧས་བཏབ་པ་ལྟར་ཡལ་བའི་དམིགས་པ་ཡང་ཡང་བྱེད་དོ། །ད་ལྟར་བསྒོམས་པའི་དགོས་པ་ནི། རྩ་ལམ་སྦྱོང་བ་དང། རླུང་ ལ་བརྟེན་པའི་གེགས་རྣམས་མི་འབྱུང་ཞིང། མཉམ་པར་བཞག་པའི་དུས་སུ་སྣ་བུག་ཏུ་རྒྱུ་བའི་རླུང་འདི་དག་འགགས་ནས་འགྲོ་ཞིང་དེའི་འགགས་ཚུལ་ནི། དང་པོ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཆེ་དབུགས་གཉིས་གསུམ་རྒྱུ་བའི་ཡུན་ཙམ་དུ་ སྣ་སྒོར་མི་རྒྱུ་བ་ཡིན་ལ། དེ་ནས་གོམས་པ་ཇེ་ཆེར་སོང་ནས་རླུང་སྣ་སྒོར་མི་རྒྱུ་བའི་ཡུན་དེ་རིང་དུ་རིང་དུ་སོང་ནས་ད་གཟོད་སྔ་དྲོ་རེ་ཙམ་སྣ་སྒོར་མི་རྒྱུ་བ་འབྱུང་ངོ། །དེ་ཡང་དང་པོར་རླུང་འགགས་པའི་ཆེ་སྣ་བུག་གི་རླུང་ལོག་ནས་རླུང་གིས་གྲོད་པ་གང་བའི་ [071B] དེ་ནས་གྲོད་པ་གང་བའི་སྣང་བ་ལོག་ནས་སྣ་སྒོར་རླུང་རྒྱུ་ན་རླུང་འགགས་ཚུལ་རྣལ་མ་མིན་ལ། གྲོད་པའི་ནང་གི་རླུང་དེ་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་ནས་རླུང་སྣེ་སྒེར་མི་རྒྱུ་ན་རླུང་དབུ་མར་ཆུད་པ་ཡིན་ལ། རླུང་དེ་ཡང་རྩ་བའི་རླུང་ལྔའི་ནང་ནས་ ཐུར་སེལ་གྱི་རླུང་ཡིན་ནོ། །དེ་ནས་གསར་རྙིང་གཉིས་ཡོད་པའི་རྙིང་པ་རྣམས་ཡལ་ནས་འགྲོ་བས་རྩ་དབུ་མའི་ནང་དུ་མི་འགྲོ་ཞིང། རླུང་སྣ་སྒོར་རྒྱུ་བ་ལོག་པ་དང། ལྟ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་བྱེ་བ་དུས་མཉམ་དུ་འོང་ཞིང། རྩ་ཁ་བྱེ་བ་དེའི་ནང་ནས་ཐུར་ སེལ་གྱི་རླུང་གསར་པ་སྐྱེས་ནས་དེས་ལྟེ་བའི་མེ་སྦར་ནས་མེ་དེས་སྤྱི་བོའི་བྱང་སེམས་ཞུ་བ་ཡིན་ནོ། །རླུང་དེའི་དབྱིབས་ནི་གཞུའི་དབྱིབས་ལྟར་ཡོད། དེ་ལྟར་རྩ་དང་རླུང་དང་ཐིག་ལེའི་བཤད་པ་མང་དུ་བྱས་ཀྱང་མཐར་གཏུགས་པ་ནི་ཏིང་ངེ་འཛིན་གྱི་མཐུས་སྟེང་གི་ སྣ་སྒོར་རྒྱུ་བའི་རླུང་ལོག་ནས། དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་བྱེ་ནས་དེའི་ནང་ནས་རླུང་གསར་པ་སྐྱེས་ཏེ་རྩ་དབུ་མའི་རླུང་དེས་རྩ་དབུ་མའི་ནང་གི་ལྟེ་བའི་མེ་སྦར་བའམ། ལྟེ་བའི་ཁྲག་འཕེལ་ནས་སྤྱི་གཙུག་བར་དུ་སོང་བས་རྩ་དབུ་མའི་ནང་གི་ སྤྱི་བོའི་བྱང་སེམས་ཞུ་ནས་འཁོར་ལོའི་གནས་རྣམས་སུ་བབ་པ་རིམ་པ་ལྟར་དགའ་བཞིའི་རྟོག་པ་རྒྱུད་རྣམས་ནས་བཤད་པ་བཞིན་སྐྱེ་བ་ཡིན་པས། རྩ་གཞན་གྱི་ནང་གི་ཁྲག་འཕེལ་བས་རྩ་གཞན་གྱི་བྱང་སེམས་ཞུ་བའི་བདེ་བ་སྐྱེ་བ་ཡོད་མོད། འདིར་ ནི་གཙོ་བོར་རྩ་དབུ་མའི་ནང་གི་རླུང་གིས་མེ་སྦར། དེས་སྤྱི་བོའི་བྱང་སེམས་ཞུ་དགོས་པ་ཡིན་ནོ། །དེས་ན་རྒྱུད་ཕལ་ཆེར་སྣ་སྒོའི་རླུང་རྒྱུ་བ་ལོག་མ་ཐག་ཏུ་རྩ་དབུ་མའི་ནང་དུ་རླུང་སོང་ནས་དེས་མེ་སྦར་བ་ཡན་མཐུན་ལ། སྣ་སྒོར་རླུང་རྒྱུ་བ་ལོག་པའི་ཐབས་ [072A]༄༅། །སུ་དུས་འཁོར་བས་བུམ་པ་ཅན་བསྒོམ། གསང་འདུས་པས་རྡོར་བཟླས་བྱེད། བདེ་དགྱེས་པས་གཙོ་བོར་ཡི་གེ་དང་ཐིག་ལེ་དང་མེ་ལ་སེམས་འཛིན་པ་སོགས་གོང་དུ་བཤད་པ་འདི་རྣམས་བྱེད་དོ། །སྣ་སྒོའི་རླུང་རྒྱུ་བ་ལོག་ནས་གོང་དུ་ བཤད་པའི་རླུང་འགགས་པའི་མཐུས། རྡོ་རྗེའི་ནང་གི་དབུ་མ་ཞར་བ་དེ་ཁ་བྱེ་སྦུབས་ཅན་དུ་བྱས། དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་པ་སུམ་མདོར་སོང་སྟེ། ཀྵ་ཡིག་གིས་མཚོན་པའི་མེ་དང་འདྲེས་ཐིམ་སྟེ་བསྐུལ་བས་བྱང་སེམས་ཞུ་ ནས་ཡས་བབས་དང་མས་བརྟན་གྱི་དགའ་བཞི་དམིགས་ཕྱེད་པར་བྱས་ནས་སྐྱོང་དགོས་པ་ཡིན་ནོ། །སྣ་སྒོའི་རླུང་རྒྱུ་བ་ལོག་པ་ནི་རྩ་དབུ་མའི་ནང་དུ་རླུང་སོང་ནས་ལྟེ་བའི་མེ་འབར་བའི་རྟགས་ཡིན་ལ། སྣ་སྒོར་རླུང་རྒྱུ་བའི་ཚེ་ལྟེ་བའི་མེ་འབར་བའི་འཕྲོ་ ཆོད་པའི་རྟགས་ཡིན་ནོ། །དེ་ནས་དམིགས་པ་སྔ་མ་རྣམས་བསྟན་པ་འདི་ལྟར་བསྒོམ་པར་བྱ་སྟེ། གོང་གི་དམིགས་པ་ཐུན་རེ་རེ་ལ་མ་ཆག་པར་བསྐྱངས་པའི་ངང་ནས་དམིགས་པ་དེ་དག་གི་མཐུས་སྣ་སྒོར་རླུང་རྒྱུ་བ་འགགས་པའི་མོས་པ་བྱས་ལ། སུམ་མདོ་ ནས་རྩ་དབུ་མའི་ནང་གི་རླུང་གཡོས་པའི་མཐུས་ཤེལ་གྱི་ཀོང་བུའི་ནང་ནས་མར་མེ་ཕྲ་མོ་འབར་བ་ལྟར་ཐིག་ལེ་ལས་མེའམ་འོད་ཟེར་གྱི་རེ་ཁ་ཕྲ་མོ་ཁ་དོག་དམར་སེར། རེག་བྱ་ཤིན་ཏུ་ཚ་བ་ལ་ཚད་སོར་གཉིས་ནས་བཞིའི་བར་གང་མོས་བྱས་ལ། མེ་ ཁྱད་པར་དེ་ལྟ་བུ་དང་ལྡན་པ་སྐྱེས་པའི་དམིགས་པ་བྱས་ཏེ་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་པ་ཡིན་ནོ། །དེ་ཅུང་ཟད་བརྟན་པ་ན་ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་དུ་སོང་བའི་དམིགས་པ་བྱས་ལ། མེ་དེས་སྤྱི་བོའི་བྱང་སེམས་བཞུ་ནས་ [072B]ལྟར་བབས་ནས། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་སྔར་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས་ནས། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །དེ་ཅུང་ཟད་བརྟན་པ་ན་ཡར་འགྲོ་བའི་མེ་དེ་ཅུང་ ཟད་སྦོམ་དུ་སོང་བའི་དམིགས་པ་བྱེད་དོ། །ཡང་དེའི་སྐབས་སུ་མར་མེ་གཅིག་གིས་མཛད་དུ་མ་སྣང་བར་བྱེད་པ་ལྟར། ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟེ་བར་སོང་བའི་ཚེ་དེའི་འོད་ཀྱིས་རྩ་འདབ་རྣམས་ཀྱི་ནང་གསལ་བའི་དམིགས་པ་བྱེད་ཅིང། བློས་ལྕོགས་ ནས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་མེའི་འོད་ཀྱིས་གསལ་བར་བྱས་པའི་དམིགས་པ་ཡང་དང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་པ་ན་ཉམས་སྣང་ལ་བརྟེན་ནས་ལྐོག་གྱུར་ཅི་རིགས་ལུང་བསྟན་ཐུབ་པ་འབྱུང་ལ། འོན་ཀྱང་མངོན་ཤེས་མིན་ གསུང། དེ་ནས་དམིགས་པ་དེ་དག་བརྟན་པ་ན་འདི་ལྟར་བསྒོམ་པར་བྱ་སྟེ། རང་གི་ལྟེ་བའི་མེ་དེ་ཡར་ལ་སྤྱི་བོའི་བར་ལ་སོང། དེ་ནས་སྨིན་མཚམས་བར་དུ་འོངས་ནས་འབྱུང་བའི་ལམ་རང་གི་སྣ་བུག་གཡས་པ་ནས་ཐོན་ཏེ། ཕྱོགས་བཅུའི་བྱང་ སེམས་དང་ཉན་རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ཀྱང་སངས་རྒྱས་སུ་གྱུར་པའི་མོས་པ་བྱས་ལ། དེ་ནས་དེ་རྣམས་དང་སྔར་སངས་རྒྱས་ཟིན་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་པ་དེ་ནས་མེ་དེ་སོང་བས་སྨིན་མཚམས་ ནས་སྤྱི་བོའི་བར་དུ་སླེབས་ནས། དེ་ནས་མགྲིན་པ་དང། སྙིང་ག་དང། ལྟེ་བར་སོང་སྟེ་ལྟེ་བའི་ཐིག་ལེ་དཀར་པོ་དྲངས་ཏེ་སྤྱི་བོའི་བར་དུ་ཡར་བྱུང། དེ་ནས་མར་སྨིན་མཚམས་བར་དུ་འོངས་ནས་སྣ་བུག་གཡས་ནས་ཐོན་ཏེ། རང་གི་འཇུག་པའི་ལམ་སྣ་ [073A]༄༅། །བུག་གཡོན་ནས་ཞུགས། སྨིན་མཚམས་ནས་སྤྱི་བོའི་བར་དུ་སོང་སྟེ། དེ་ནས་མར་ལྟེ་བའི་བར་དུ་བབས་པས་སྔར་མེས་གདུངས་པའི་ཚ་བ་གསོས་ཏེ། སྔར་གྱི་རྩ་མདུད་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ཡང་ཡང་ བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །མདོར་ན་གོང་དུ་བཤད་པའི་དམིགས་པ་ཟིན་པའི་རྟགས་དེ་དག་བྱུང་ན་རབ་ལ། མ་བྱུང་ནའང་དམིགས་པ་སྔ་མ་ཅུང་ཟད་བརྟན་པ་ན་དམིགས་པ་རྟིང་མ་ལ་ཕོག་ལ། དམིགས་པ་ དེ་རྣམས་འདྲིལ་བའི་ཚེ་རང་རང་གི་རྟགས་མ་རྫོགས་ཀྱི་བར་དུ་རྒྱུན་བསྲིངས་ནས་ཉི་མ་རེ་རེ་བཞིན་བསྐྱེད་རིམ་ཐུན་བཞིའི་མཐའ་ལ་བསྒོམ་པ་ཡིན་ནོ། །དེ་ལྟར་བསྒོམས་པས་ལྟེ་བའི་མེ་འབར་ཏེ། སྤྱི་བོའི་བྱང་སེམས་ཞུ་བ་གོམས་པ་རབ་ཏུ་ གྱུར་པའི་ཚེ་སྤྱི་བོའི་བྱང་སེམས་ཞུ་བ་དེ་ཉིད་ཀྱིས་ལྟེ་བའི་མེ་འབར་བའི་རྐྱེན་བྱེད་པས། དེ་ནས་མེ་དམིགས་སོགས་ལ་བལྟོས་མི་དགོས་པར་འབར་འཛག་འཁོར་མ་འབྱུང་བ་ཡིན་ནོ། །སྤྱི་བོའི་བྱང་སེམས་ཆུ་ཁམས་ཡིན་པས་ལྟེ་བའི་མེ་ དང་གཉིས་གཅིག་གིས་གཅིག་འཕེལ་བའི་གྲོགས་བྱེད་པ་མི་འཐད་དམ་སྙམ་ན། ལྟེ་བའི་མེ་ཟེར་ཀྱང་ངོ་བོ་ཁྲག་ཡིན་པས་ལྟེ་བའི་དམར་ཆས་གཙོ་བོར་དྲོད་བསྐྱེད་ཅིང། སྤྱི་བོའི་དཀར་ཆས་གཙོ་བོར་བདེ་བ་བསྐྱེད་ལ་ཆུ་ཁམས་གཅིག་གིས་ གཅིག་གི་གྲོགས་བྱེད་པ་ལ་འགལ་བ་མེད་དོ། །དེ་ནས་སྤྱི་བོའི་བྱང་སེམས་ལྟེ་བར་སླེབ་པའི་ཚེ་བསིལ་བར་འགྱུར་ཞེས་བཤད་ཀྱང། བསིལ་བའི་དོན་དྲོད་ཆུང་ངུ་སོང་བ་ལ་བྱེད་ན་དོན་འགངས་ཆེན་འཕྱུགས་པས་དེ་ལ་མི་བྱ་བར་བསིལ་ [073B] སྤྱི་བོའི་བྱང་སེམས་ཀྱིས་ལྟེ་བའི་མེ་ཚིམ་པ་ལ་བྱའོ།། ༈ བཟུང་བ་ལ་གཉིས་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་རིམ་དང་བསྟུན་ནས་དགའ་བཞི་ངོས་ འཛིན་པ་ནི། རྫོགས་རིམ་གྱི་ཡང་རེ་མཐོར་སླེབ་པའི་དགའ་བཞི་ངོས་འཛིན་ཚུལ་ཡིན་པས་རེ་ཞིག་འདིར་མི་འཆད་ལ། དེ་ན་འདིར་གནས་ཀྱི་སྒོ་ནས་དགའ་བཞི་ངོས་འཛིན་པ་ཡིན་ཏེ། དེ་ཡང་བུམ་ཅན་དང་རྡོར་བཟླས་དང་ཐིག་ལེའི་རྣལ་འབྱོར་མེ་དམིགས་ དང་བཅས་པ་གང་རུང་གི་མཐུས་རླུང་སྣ་སྒོར་རྒྱུ་བ་ལོག་ཅིང་ལུས་ཀྱི་ནང་གང་བ་ལྟ་བུར་སྣང་བའི་ནང་གི་རླུང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་ཡལ་ཏེ་འགགས་པའི་མཐུས། སུམ་མདོའི་རླུང་གིས་ལྟེ་བའི་མེ་སྦར་ཞེས་སྤྱིར་བཏང་ལ་རགས་པ་ཙམ་ བརྗོད་ཀྱང། ཞིབ་ཏུ་བཤད་པའི་རླུང་དེ་འགགས་པའི་མཐུས་རྡོ་རྗེའི་ནང་གི་རྩ་དབུ་མ་ཞར་བ་ཁ་བྱེ་ནས་སྦུབས་ཅན་དུ་བྱས་ལ། དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་པ་སུམ་མདོར་སོང་སྟེ། ཀཥ་ཡིག་གིས་མཚོན་པའི་མེ་སྦར་ཏེ། དེ་དུས་སུ་ རླུང་དེ་དང་མེ་འདྲེས་པ་ལ་ཐིམ་ཞེས་བཤད་དོ། །དེ་ནས་སུམ་མདོའི་མེ་དེས་ལྟེ་བའི་ཨཾ་ཡིག་གིས་མཚོན་པའི་མེ་སྦར་ནས་མེ་ལྕེ་སྤྱི་བོའི་བར་དུ་སོང་སྟེ་སྤྱི་བོའི་བྱང་སེམས་ཞུ་ནས་དཀར་ཆས་མགྲིན་པའི་འཁོར་ལོའི་དབུས་སུ་སླེབ་པའི་བར་གྱི་དགའ་ བ་ནི། དགའ་བ་བཞིའི་ནང་ནས་དགའ་བ་སྐྱེས་པ་ཡིན་ནོ། །དེ་ནས་མགྲིན་པའི་རྩ་འཁོར་གྱི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། སྙིང་གའི་རྩ་འཁོར་གྱི་དབུས་སུ་དཀར་ཆས་སླེབ་པའི་བར་ནི་མཆོག་དགའ་སྐྱེ་དུས་ཡིན་ནོ། །སྙིང་གའི་རྩ་འཁོར་གྱི་ [074A]༄༅། །དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། ལྟེ་བའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ལ་ཁྱད་པར་གྱི་དགའ་བ་སྐྱེའོ། །ལྟེ་བའི་འཁོར་ལོའི་དབུས་ཀྱི་འོག་ཙམ་ནས་བཟུང་སྟེ་རྡོ་རྗེ་ནོར་བུའི་དབུས་སུ་སླེབས་ཏེ་ ཕྱིར་མ་འཕོས་ཀྱི་བར་ལ་ལྷན་སྐྱེས་ཀྱི་དགའ་བ་སྐྱེའོ། །ཟླ་བ་ལ་དཀར་ཆ་འཕེལ་བ་ཆ་བཅོ་ལྔ། དཀར་ཆ་རྫོགས་ནས་ནག་ཆ་ལ་མ་སླེབ་ཀྱི་བར་གྱི་ཆ་གཅིག་དང་བཅས་པས་ཆ་བཅུ་དྲུག་ཡོད་པ་དང་མཐུན་པར་སྤྱི་བོ་ནས་ནོར་བུའི་རྩེ་མོའི་བར་གྱི་ བྱང་སེམས་དཀར་པོ་ཆ་བཅུ་དྲུག་ཡོད་པས། བཅུ་དྲུག་པོ་དེ་ལ་བརྟེན་པའི་དགའ་བའམ་བདེ་བ་ཡང་ཆ་བཅུ་དྲུག་ཡོད་དོ། །ཆ་བཅུ་དྲུག་ཡོད་ཚུལ་ནི་སྤྱི་བོ་ནས་མགྲིན་པའི་བར་ལ་ཆ་མཉམ་བཞིར་བགོས་ནས་སྟེང་ནས་རིམ་པ་ལྟར་བཞི་ཆ་ རེའི་དུས་སུ་དགའ་བའི་དགའ་བ་སྐྱེ་བ་ལ་སོགས་པ་འོག་མ་རྣམས་ལ་ཡང་ཆ་བགོ་ཚུལ་དང། དགའ་བ་གཞན་གསུམ་གྱི་སྐྱེ་ཚུལ་ཡང་དེས་རིགས་འགྲོའོ། །ཡང་ཉི་མས་ཁྱིམ་བཅུ་གཉིས་བགྲོད་པ་དང་མཐུན་པར་སྤྱི་བོ་ནས་མགྲིན་པའི་བར་དང་ མགྲིན་པ་ནས་སྙིང་གའི་བར་དང། སྙིང་གནས་ལྟེ་བའི་བར་དང། ལྟེ་བ་ནས་ནོར་བུའི་རྩེ་མོའི་བར་དེ་དག་ལ་ཆ་གསུམ་གསུམ་དུ་བགོས་ནས་གནས་བཅུ་གཉིས་པོ་དེ་དག་ཏུ་རིམ་པ་ལྟར་དམར་ཆས་སླེབས་པ་ན། དམར་ཆ་བཅུ་གཉིས་ལ་བརྟེན་ པའི་བདེ་བའམ་དགའ་བ་བཅུ་གཉིས་སྐྱེའོ། །དགའ་བ་བཅུ་དྲུག་དང་དགའ་བ་བཅུ་གཉིས་ཀྱི་ཁྱད་པར་རྣམས་ཉམས་མྱོང་གི་སྟེང་ནས་ཕྱེད་པ་དགོས་གསུང། ཡས་བབས་ཀྱི་དགའ་བའི་སྐབས་སུ་སྤྱི་བོའི་བྱང་སེམས་དཀར་པོ་ནར་མར་འཛག་ [074B]དེས་ཞོར་ལ་རྩ་ནང་གི་བྱང་སེམས་གཞན་རྣམས་ཀྱང་དྲངས་ནས་འབབ་པས་གནས་འོག་མར་སླེབ་ཀྱིན་དགའ་བདེ་ཆེར་འགྲོ་བ་ཡིན་ནོ་།མས་བརྟན་གྱི་དགའ་བའི་ སྐབས་སུ་གནས་འོག་མ་ནས་གོང་མར་སླེབ་ཀྱིན་དགའ་བདེ་ཆེར་འགྲོ་བ་ཡིན་ལ། དེ་ཡང་ལྷན་སྐྱེས་ཀྱི་དགའ་བ་ལ་དགའ་བ་བཞིར་ཕྱེ་བའི་དགའ་བ་ནི་འོག་མ་ནས་རིམ་པ་ལྟར་ནོར་བུའི་རྩེ་མོ་ནས་ཡར་འོངས་ནས་ལྟེ་བར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་ དགའ་བའི་དགའ་བ་དང། དེས་སྙིང་གར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་མཆོག་དགའ་དང། དེས་མགྲིན་པར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ཁྱད་དགའ་དང། དེ་ནས་སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ལྷན་ ཅིག་སྐྱེས་དགའ་སྐྱེའོ། །དེ་ནས་མས་བརྟན་ལ་ལྷན་སྐྱེས་མ་གཏོགས་པའི་དགའ་བ་མི་སྲིད་ཅིང། ཡས་བབས་ལས་གཞན་པའི་དམིགས་པ་ཟུར་གཅིག་གིས་མས་བརྟན་གྱི་དགའ་བ་སྐྱེ་དགོས་སོ། །རླུང་སྦྱོར་འཁྲུལ་འཁོར་སོགས་མ་བྱས་ཀྱང་ མེའི་དམིགས་པ་བྱས་པ་ཉིད་ཀྱིས་རྩ་སྦྱོང་ནུས་པས་གེགས་མི་འབྱུང་བ་ཡིན་ནོ། །རླུང་བུམ་པ་ཅན་བསྒོམ་པ་སོགས་མ་བྱས་ཀྱང་ཐིག་ལེ་ལ་སེམས་ཟིན་ནས་སྟེང་འོག་གི་སྣ་སྒོ་ལ་རྒྱུ་བའི་རླུང་འགགས་པའི་མཐུས་ཐིག་ལེ་འཛག་མེད་དུ་ འཆིང་ནུས་པ་ཡིན་ཅིང། གོང་གི་དམིགས་པ་དེ་རྣམས་བདེ་མཆོག་དང་ཀྱཻ་རྡོར་གྱི་མངོན་རྟོགས་དང་སྦྲེལ་ནས་བསྒོམས་ན་བོགས་ཆེ་བ་ཡིན་ནོ། །དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ་དེ་དང་སྟོང་ཉིད་སྦྱར་ནས་བསྒོམ་པ་ [075A]༄༅། །ཡིན་ཅིང། ལྷན་སྐྱེས་དེ་ཡང་ཡས་བབས་ཀྱི་སྐབས་སུ་གནས་དམའ་བ་ཙམ་གྱིས་བདེ་བ་ཆེ་ཞིང། མས་བརྟན་གྱི་སྐབས་སུ་གནས་མཐོ་བ་ཙམ་གྱིས་དགའ་བདེ་ཆེར་འགྲོ་བས་སྟོང་ཉིད་སྒོམ་དུས་དང་ལྷན་སྐྱེས་དུས་གོ་ བས་དམིགས་ཕྱེད་པོ་བྱས་ནས་སྐྱོང་དགོས་པ་ཡིན་ནོ། །རླུང་འགགས་དུས་སུ་དབུ་མར་འདུ་བའི་བཤད་པ་ཡང་གྲུབ་ཆེན་འགའ་རེས་བྱས་པ་ཡོད་པས་འདབ་མའི་ནང་གི་ལས་རླུང་རྣམས་དབུ་མར་སོང་བའི་ཚེ་དབུ་མའི་ནང་དུ་སླེབས་ཙམ་ནས་ཡལ་ བའི་དམིགས་པ་བྱས་ནས་ཀྱང་འགལ་བ་མེད་ཅིང། ཡང་དབུ་མའི་ཕྱི་རོལ་ཏུ་འགགས་པ་བྱས་པའི་ལུགས་ཀྱང་ཡོད་ཀྱང་དེ་གཉིས་གང་མོས་ཀྱིས་ཆོག་གསུང་ངོ། །འདི་ནི་ཕག་ལོའི་དགུན་ནས་སྣེལ་པས་བཏེག་ནས་སེ་ར་ཆོས་སྡིངས་སུ་བཞུགས་ དུས། བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས། མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་འདི་འཁོར་བརྒྱ་ཙམ་ལ་གནང་དུས་མི་བསྐྱོད་རྡོ་རྗེས་ཟིན་བྲིས་སུ་བཀོད་པ་ཡིན་ནོ།། ༈ །།དེ་ལྟར་དཀར་ཆག་ཐོའི་ཡིག་ཆུང་ དམ་ཚིག་རྡོ་རྗེ། རྡོ་རྗེ་མཁའ་འགྲོ། ལྟ་བའི་ཡིག་ཆུང། རྫོགས་རིམ་ལ་དམིགས་རིམ། ལག་རྗེས་ཉེར་མཁོ། སྤྱིའི་ཡིག་ཆུང་གསུམ་རྡོར་བཟླས། སེམས་དབན། སྒྱུ་ལུས་ཏེ། སོ་སོའི་ཡིག་ཆུང་གསུམ་སྟེ་ བཅུ་གཅིག་བསྲེ་འཕོ་གཉིས། བོགས་འདོན་དང་གེགས་སེལ་གཉིས། རྣམ་གསུམ་རབ་དབྱེ་དང། ཕྱག་རྒྱ་སྲོག་རྩོལ་ཏེ་བཅུ་བདུན། དེའི་སྟེང་དུ་གསལ་བྱེད་གསུམ་དང་ཉི་ཤུ། མ་རྒྱུད་ཀྱི་རྫོགས་རིམ་གཏུམ་མོ་ལ་བརྟེན་ནས་དགའ་བཞི་ [075B]ཤུ་རྩ་གཅིག་གོ་མ་རྒྱུད་ཡང་ན་རྫོགས་རིམ་གྱི་ཡིག་ཆུང་གསལ་བྱེད་གསུམ་གྱི་ནང་དུ་བསྡུས་ནས་རྫོགས་རིམ་གྱི་སྔོན་འགྲོ། ལུས་ཀྱི་བྱེད་བཅིངས་བརྟེན་པའི་ཡིག་ཆུང། བོགས་ འདོན་གེགས་སེལ་ནང་དུ་བསྡུས་ནས་གེགས་སེལ་ལ་རླུང་གི་གེགས་སེལ་ཐིག་ལེའི་གེགས་སེལ་གཉིས་སུ་བྱས་ནས་ཉེར་གཅིག་ཏུ་བྱེད་པ་ཡང་ཡོད་དོ།། ༈ །།ལུས་དཀྱིལ་གྱི་ཡིག་ཆུང་སོགས་བསྐྱེད་རིམ་གྱི་ཉེར་ མཁོ་འགའ་ནི། ཐོག་མར་བསྐྱེད་རིམ་པའི་གོ་བ་རགས་པ་ཙམ་ཞིག་ནི་འདི་ཡིན་ལ། དེ་ལ་སྟོང་ཉིད་བསྒོམ་ཚུལ། ཆོས་སྐུ་ལ་ང་རྒྱལ་འཇོག་ཚུལ། སྟོང་པའི་ངང་ནས་ལྷ་སྐུ་བསྒོམ་ཚུལ། ལྷ་ལ་ང་རྒྱལ་འཇོག་ཚུལ་དང་བཞི་ལས། དང་པོ་ནི། ལྟ་ ཁྲིད་ལྟར་གྱི་རིག་པ་རྒྱས་པ་མི་བྱེད་པར་རྟགས་གང་ཡང་རུང་བ་ཙམ་ཞིག་ལ་བརྟེན་ནས་སྟོང་ཉིད་ལ་ངེས་པ་ཤུགས་དྲག་འདྲེན་པར་བྱེད་དགོས་ཤིང། འཛིན་སྟངས་ཀྱི་ཤེད་ཆུང་ངུ་སོང་ན་དཔྱད་པ་ཕྲ་མོ་ལ་བརྟེན་ནས་བློའི་ཤུགས་དྲག་པོ་འདྲེན་ པར་བྱའོ། །དངོས་པོ་མེད་པས་ཞེས་སོགས་ཀྱི་ཡིག་དོན་དང་སྤྱི་དོན་དྲན་པ་ཤིན་ཏུ་གལ་ཆེ། གཉིས་པ་ནི། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པར་ཆུ་ལ་ཆུ་བཞག་པ་བཞིན་དུ་སོང་བའི་ མོས་པ་རྩེ་གཅིག་ཏུ་བྱེད་པ་ཡིན་ཅིང། འདི་འདྲ་བའི་མོས་པ་ཡིད་བྱེད་ཀྱི་ཆོས་སྐུ་ནི་རྫོགས་རིམ་གྱི་སྐབས་སུ་ཆོས་སྐུའི་རྟོགས་པ་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྲོ་ཚུལ་ལའང་ཤེས་པར་བྱའོ་།གསུམ་པ་ནི། སྟོང་པའི་ངང་ལས་ཞེས་པའི་གོ་དོནེ་༄༅། །ནི། གོང་གི་དམིགས་པ་མ་ཤོར་བའི་ངང་ནས་ལྷའི་སྐུར་ལངས་དགོས་པ་ཡིན་ནོ། །དཔེར་ན་ཤེལ་གོང་ཤིན་ཏུ་དྭངས་པ་ལ་རས་ཁ་དོག་སྣ་ཚོགས་པས་ཉེ་བ་ན། ཤེལ་དེའི་དྭངས་ཆ་མ་ཤོར་བའི་ངང་ནས་རས་དེའི་ གཟུགས་སྣ་ཚོགས་པ་ཤེལ་དེའི་ནང་དུ་འཆར་བ་བཞིན་དུ་རང་གི་སེམས་སྟོང་ཉིད་དང་གཉིས་སྣང་ཕྲ་མོས་ཀྱང་མ་ཆོད་པར་སོང་སྙམ་པའི་འཛིན་སྟངས་ཤུགས་དྲག་དེ་མ་ཤོར་བའི་ངང་ནས་རང་ཉིད་ཞལ་གསུམ་ཕྱག་དྲུག་པའི་རྣམ་པ་ཅན་ གྱི་ལྷའི་སྐུར་བསྒོམ་དགོས་སོ། །བཞི་པའི་གནད་ནི། བྱིང་རྒོད་ཀྱི་དབང་དུ་མ་སོང་བ་ལ་འབད་སྙམ་པའི་འཕེན་པ་དྲག་པོ་གཏོང་བ་མ་གཏོགས་པའི་དམིགས་པའི་སྐབས་སུ་ཡང་དང་ཡང་དུ་བྱེད་རྒོད་ཀྱི་དབང་དུ་སོང་མ་སོང་རྟོག་པ་དང། རྟགས་ ལ་བརྟེན་པའི་དཔྱད་པ་མང་དུ་མི་བྱའོ། །དེ་ལྟར་བྱས་ནས་སེམས་གཞན་དུ་མི་ཡན་ཅིང། སྐབས་འདིར་ཞི་གནས་བསྒྲུབ་པར་བྱའོ། །རིག་པའི་དཔྱད་པ་ཅུང་ཟད་བྱེད་པ་ན་ཡང་ལྷའི་ཞལ་ཕྱག་རྒྱན་ལ་སོགས་པ་ལ་བྱེད་པ་ཡིན་ནོ། །ཆོས་ཐམས་ ཅད་རང་བཞིན་གྱིས་མེད་པའི་དམ་བཅའ་ངེས་པའི་ངེས་ཤེས་ཤུགས་དྲག་གི་ངང་ནས་ལྷའི་སྐུར་གསལ་བ་གཉིས་ཚོགས་སུ་དགོས་པ་ནི་ཟབ་གསལ་གཉིས་མེད་བསྒོམས་པ་བཞིན་ནོ། །གཉིས་སུ་མེད་པའི་དོན་ངོ་བོ་ཐ་དད་དུ་མེད་པ་ཡིན་ ནོ། །བྱིང་བ་དང་རྨུགས་པ་གཉིས་མི་གཅིག་པའི་སེམས་བྱུང་སོ་སོ་བ་ཡིན། རྨུགས་པ་ནི་གཏི་མུག་གི་ཆར་གཏོགས་པའི་སེམས་བྱུང་རྒྱ་ཡན་པ་ལས་སུ་མི་རུང་བ་ཡིན་ལ། བྱིང་བ་ནི་དམིགས་པ་མི་གསལ་བའི་འཛིན་སྟངས་ཅན་ [076B] །རྒོད་པ་ནི་ཡུལ་ཡིད་འོང་སོགས་ལ་འཕྲོ་ཞིང་རྒྱུག་པར་བྱེད་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་བྱུང་ངོ། །འཕྲོ་བ་ནི་དམིགས་པའི་ཡུལ་དེ་ལས་གཞན་པའི་ཡུལ་ལ་འཕྲོ་བའི་སེམས་བྱུང་སྟེ་ ཕྱི་མ་གཉིས་ཀྱང་སོ་སོ་བ་ཡིན་ནོ། །དྲན་པ་ནི་དམིགས་པ་གང་ཡིན་དེ་ལ་སེམས་མ་ཡེངས་པར་རྩེ་གཅིག་ཏུ་འཛིན་པའི་མཚན་ཉིད་ཅན་ཡིན་ཅིང། ཤེས་བཞིན་ནི་དམིགས་པའི་ཚེ་བྱིང་རྒོད་གང་རུང་སྐྱེས་མ་ཐག་ཏུ་ངོ་ཤེས་པར་བྱེད་པའི་ སེམས་བྱུང་ངོ། །ལྷག་མོས་ལུས་ལ་སྡུད་པའི་ཚེ་རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ལུས་ཀྱི་མདུན་རྒྱབ་ཐམས་ཅད་ལས་ཅིག་ཅར་དུ་འཕྲོས་པས། རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་ སྤྱན་དྲངས་ནས་ལུས་ཀྱི་གནས་དེ་དང་དེར་དབང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་མོས་པར་བྱའོ། །ལྷག་མོས་འོད་གསལ་དུ་སྡུད་པའི་ཚེ་རྣམ་སྣང་ནས་གཙོ་བོའི་བར་རྣམས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གཉིས་སྣང་ཕྲ་མོས་ཀྱང་བར་ མ་ཆོད་པར་ཐིམ་པའི་མོས་པ་ཤུགས་དྲག་དགོས་སོ། །དེ་ནས་ཤཱུ་ནྱ་ཏཱིའི་སྐབས་སུ་རིག་པས་དཔྱད་པ་མི་བྱེད་པར་གང་སྣང་ཆོས་སྐུ་ལ་ང་རྒྱལ་བཞག་པའི་ངང་ནས། གདན་དབུས་མའི་སྟེང་དུ་ཧཱུཾ་ལས་ཉི་མའི་དཀྱིལ་འཁོར་སོགས་ བསྐྱེད་ཅིང། རྡོ་རྗེ་རྩེ་ལྔ་པའི་ལྟེ་བའི་ནང་དུ་ཨོཾ་དཀར་པོ། ཨཱ་དམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ་ཡིན་ནོ། །དེ་ལས་དང་པོའི་མགོན་པོར་ལྡང་བའི་ཚེ་ངས་སེམས་ཅན་གྱི་དོན་དུ་ལོངས་སྤྱོད་རྫོགས་པའི་ [077A]༄༅། །སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་གཏང་བར་བྱའོ། །སྤྲུལ་སྐུ་རྡོར་སེམས་སུ་ལྡང་བའི་ཚེ་ངས་སེམས་ཅན་གྱི་དོན་དུ་ཁམས་རགས་པའི་སྤྲུལ་སྐུ་གཟུང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་དགོས་སོ། །ལུས་དཀྱིལ་ གྱི་གཙོ་བོ་མི་བསྐྱོད་པ་ཡིན་པས་གཙོ་བོ་དང་ཁྲོ་བོ་བཅུ་ལ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལྷ་གཞན་རྣམས་ལ་ཡང་སྣ་ཚོགས་པདྨ་གོང་དུ་བཤད་པ་ལྟར་ལྷ་རང་རང་གི་གདན་བསྐྱེད་དགོས་སོ། །སྤྱི་གཙུག་ནས་སྐྲ་མཚམས་ཀྱི་མ་མཐའ་ཡན་ལ་ རྣམ་སྣང་བསྐྱེད་དགོས་པས། ཐོད་པའི་དབུས་སྤྱི་བོ་བདེ་ཆེན་འཁོར་ལོ་ཡོད་པའི་གནས་དེར་རྣམ་སྣང་བསྒོམ་པ་ཡིན་ཅིང། རྩ་འཁོར་གྱི་ནང་དུ་བསྒོམ་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་གནས་སུ་རྣམ་སྣང་བསྒོམས་པས་ནི། རྫོགས་རིམ་གྱི་སྨིན་བྱེད་ ཁྱད་པར་ཅན་དུ་འགྲོ་བ་ཡིན་པས་ཚུལ་འདི་གཞན་ལའང་ཤེས་པར་བྱའོ། །མགྲིན་པའི་གནས་དྲང་པོ་ན་རྩ་འཁོར་ཡོད་ཅིང། དེའི་ཐད་དུ་འོད་དཔག་མེད་དང། བྱང་ཁོག་གི་དབུས་སྙིང་གའི་ཐད་ཅུང་ཟད་རྒྱབ་ཕྱོགས་ལ་ཉེ་བ་ན་མི་བསྐྱོད་པ་དང། སྙིང་ གའི་མ་མཐའི་དབུས་ཅུང་ཟད་རྒྱབ་ལ་ཉེ་བར་རིན་འབྱུང། ཚང་ར་དང་བརླ་གཉིས་ཀྱི་དབུས་ཀྱི་སུམ་མདོ་གྲུ་གསུམ་གྱི་གནས་སུ་དོན་གྲུབ་རིན་འབྱུང་གི་མདུན་ཕྱོགས་སུ་སྤྱན་མ། མི་བསྐྱོད་པ་དང་འོད་དཔག་མེད་གཉིས་ཀྱི་མདུན་ཕྱོགས་སུ་མཱ་མ་ཀཱི་དང་ གོས་དཀར་མོ་གཉིས་བསྐྱེད། སྨིན་མཚམས་ཀྱི་ཐད་ཀྱི་ཐོད་པའི་ནང་དུ་རླུང་གི་རྩ་འདབ་ཡོད་པས་དེར་སྒྲོལ་མ་རྣམ་སྣང་ལས་ཅུང་ཟད་མཐོ་བར་བྱེད་དགོས་སོ། །རིགས་ལྔའི་སྐུ་ནི་ལྷ་གཞན་རྣམས་ཀྱི་སྐུ་ལས་ཅུང་ཟད་ཆེ་བ་དགོས་སོ། །ལྷ་ཞི་བ་རྣམས་ [077B] ཁྲོ་བོ་བཅུ་ལས་འོད་ཟེར་མེ་འོད་ལྟ་བུ་སྟོང་གསུམ་ཁྱབ་པར་འཕྲོ་བ་རྣམས་ཀྱང་ཟེར་བ་འདུག་པ་དང། སྤྲུལ་སྐུ་རྡོར་སེམས་ཀྱི་སྐུ་ལས་འོད་ཟེར་ཐོགས་རྡུགས་མེད་པར་འཕྲོ་བར་བསམ། མིག་འབྲས་གཉིས་ཀྱི་དབུས་སུ་ས་ སྙིང་དང་གཟུགས་རྡོ་རྗེ་མ་ཕྱག་དང་པོ་གཉིས་ཡབ་ལ་འཁྱུད་པ། མེ་ལོང་དམར་པོ་ངེས་གཉིས་པ་སྟོང་གསུམ་ཐམས་ཅད་འཆར་ཐུབ་པ་ལྟ་བུ་དང། རྣ་བ་གཉིས་ཀྱི་རྩ་བར་ཕྱག་རྡོར་དང་སྒྲ་རྡོ་རྗེ་མ་པི་ཝཾ་སྔོན་པོ་འཛིན་པ། དེའི་སྒྲ་ཕྲ་མོ་ཙམ་གྱིས་ཀྱང་སྟོང་གསུཾ་ ཐམས་ཅད་ཁྱབ་པར་བྱེད་ནུས་པ་སྙམ་བྱེད་པ་རང་གི་ཡིད་ལ་བདེ་བ་དཔག་ཏུ་མེད་པ་སྟེར་བར་བྱེད་པ་དང། སྐྱེ་མཆེད་ཀྱི་ལྷ་རྣམས་ཡིད་ལ་དྲན་པ་ཙམ་གྱིས་དགའ་བ་བསམ་གྱིས་མི་ཁྱབ་པ་བསྐྱེད་པར་བསམ། རང་ཉིད་ཁ་ཤར་ལ་བལྟས་པའི་ཚེ་རྣ་བ་གཡས་ ཀྱི་ཕྱག་རྡོར་ཁ་ལྷོ་དང། གཡོན་པའི་ཕྱག་རྡོར་ཞལ་བྱང་ལ་གཟིགས་སོ། །སྣ་བུག་གཉིས་ཀྱི་ནང་དུ་ནམ་སྙིང་དང་དྲི་རྡོ་རྗེ་མ། ལྕེ་གཡས་གཡོན་གཉིས་ཀྱི་དབུས་ཡར་མར་གཉིས་ཀྱི་ནང་ནས་ཅུང་ཟད་རྩེ་ཕྱོགས་ལ་ཉེ་བར་འཇིག་རྟེན་དབང་ཕྱུག་དང་རོ་རྡོ་རྗེ་མ་ སྒོམ་ཞིང། དེ་ཡང་རླུང་རྒྱུ་བའི་རྩའི་གོང་དེར་སྒོམ་ཞིང་གཞན་ལ་ཡང་ཅི་རིགས་སུ་ཤེས་དགོས་སོ། །འཇམ་དབྱངས་མཱ་མ་ཀཱིའི་སྟེང་དང། ཡེ་ཤེས་སེམས་དཔའ་མི་བསྐྱོད་པའི་སྟེང་ངམ་དེའི་རྒྱབ་ཏུའམ་འཇམ་དབྱངས་ཀྱི་སྟེང་ཙམ་དུ་བསྒོམས་ཀྱང་རུང་ དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ནི་ཧཱུཾ་ཡིག་སྔོན་པོ་སྤུས་བྲིས་པ་ལྟ་བུ་ཤིན་ཏུ་ཕྲ་བ་འོད་ཟེར་འཕྲོ་བ་དང། སྟོང་ཉིད་ངེས་པའི་འཛིན་སྟངས་ཅན་དུ་རང་གི་སེམས་འདྲེས་པ་ལྟར་དུ་ཅི་ནུས་སུ་སྦྱང་བ་གལ་ཆེ། རྡོ་རྗེ་ནོར་བུའི་དབུས་རྩ་མདུད་ཡོད་པའི་ [078A]༄༅། །གོང་དེར་སྒྲིབ་སེལ་དང་རེག་བྱ་རྡོ་རྗེ་མ་བསྒོམ། རྡོ་རྗེའི་བུག་པ་ཕྱོགས་ལ་ཉེ་བར་རེག་བྱ་རྡོ་རྗེ་མ་བསྒོམས་པས་རྡོ་རྗེའི་སྒོར་ཞེས་བཏགས་པ་ཡིན་པས་རྣ་བ་སོགས་ལ་ཤེས་པར་བྱའོ་།རྡོ་རྗེའི་རྩ་བར་བདུད་རྩི་འཁྱིལ་པ་དང་ རྣམ་སྣང་གི་སྟེང་དུ་བྱམས་པ། དེའི་སྟེང་གཙུག་ཏོར་གྱི་ནང་དུ་འཁོར་ལོ་སྒྱུར་རྒྱལ་ཞལ་རྒྱབ་ལ་གཟིགས་ཤིང་ནམ་མཁའ་ལ་གཟིགས་པ་མེ་འོད་རབ་ཏུ་འབར་བ་འཕྲོ་བར་བསམས་ན་སྟེང་གདོན་གྱིས་མི་ཚུགས་པའི་དགོས་པ་ཡོད་དོ། །གནོད་ མཛེས་སོགས་ལའང་ཤེས་དགོས་སོ། །རྟ་མགྲིན་ཁའི་སྒོར་བསྒོམ་པར་གསུངས་པ་དོན་ལ་གནས་ལ་ལྕེའི་རྩ་བར་བསྒོམ་པ་ཡིན་ནོ། །ཚིགས་སུམ་བརྒྱ་དང་དྲུག་ཅུ་ལ་ཀུན་བཟང་དེ་སྙེད་བསྒོམ་ཞིང། ཐ་མལ་གྱི་ཚིགས་འདི་ཡོངས་སུ་གྱུར་པ་ལས་ ལྷ་དེར་བསྒོམ། ལག་པ་གཡས་ལ་གཤིན་རྗེ་གཤེད། སེན་མོ་ལ་ཡར་དབུ་བསྟན་པར་བསྒོམ་ཞིང། གཡོན་ལའང་དེས་མཚུངས་སོ། །དཔུང་པ་གཡས་པའི་ཚིགས་ཀྱི་ཚུན་ནས་ནང་ཙམ་དུ་མི་གཡོ་བ་ཞལ་མདུན་ལ་ལྟ་བ། གཡོན་ལའང་དེས་ མཚུངས་སོ། །པུས་མ་གཡས་ལ་དབྱུག་སྔོན་ཅན་དབུ་ཡར་ལྟ། ཞལ་མདུན་ལྟ། གཡོན་ལའང་དེས་མཚུངས་སོ། །རྐང་མཐིལ་གཉིས་སུ་གནོད་མཛེས་སྐུ་སྐྱིལ་ཀྲུང་བྱས་པའི་དབུ་ལོང་བུ་ཕྱོགས་ལ་བལྟའོ། །སྤྱི་བོར་ཨོཾ་དཀར་པོ་ལས་འོད་ ཟེར་དཔག་ཏུ་མེད་པ་རྣམས་འཕྲོས་པས། སྤྱན་མའི་ཚོགས་ནམ་མཁའ་གང་བ་སྤྲོས་པས། རྣམ་སྣང་གི་ཚོགས་སྤྱན་མ་དང་སྙོམས་པར་སྦྱོར་བའི་མདུན་ན་གནས་པ། རྡོ་རྗེའི་གུར་དང། བླ་བྲེའི་འོག་ཐོག་གི་སྟེང་དུ་སྤྱན་དྲངས་ཏེ། དེ་རྣམས་ [078B] །གཞན་ལའང་མཚུངས་སོ། །རྡོ་ཁབ་ལེན། མགྲོན་བུ་བུ་མ། སྦྲང་སྨྱོན་ལ་སྦྱར་ནས་སྤྱི་བོར་བླུག་ན་འཕོ་བའི་མན་ངག་ཤིན་ཏུ་ཟབ་པ་ཡིན་ཟེར་བའང་འདུག་ཏིང་ངེ་འཛིན་སེམས་དཔའ་ནི་དཔེ་ དོན་གྱི་འོད་གསལ་གཉིས་ཀྱི་ངེས་དོན། ཡེ་ཤེས་སེམས་དཔའ་ནི་དག་མ་དག་གི་སྒྱུ་མའི་སྐུའི་ངེས་དོན་དང། དམ་ཚིག་སེམས་དཔའ་ནི་སྤྲུལ་སྐུའི་མཚོན་དོན་ནོ། །དེ་ནས་རིག་མ་འདུ་བྱ་བ་དང། ལྷ་འགད་པ་སོགས་ནི་སྔར་དང་མཚུངས་སོ། །རལ་པ་ ཕྱེད་བཅིངས་སུ་བྱས་པ་ནི་སྐྲའི་ཕྱེད་ནས་བསྡུས་ཏེ་ལྕེག་བུ་བྱ་ཞིང། དེ་ལྷག་རྒྱབ་ལ་འཕྱང་བའོ། །གཙོ་བོས་གཙུག་ཏོར་བཅིངས་པའི་དོན་ནི། པྲོག་ཞུ་ཚན་པ་གསུམ་བཅིངས་པའི་པྲོག་ཞུའི་རིན་པོ་ཆེའི་རྒྱན་རེ་རེས་ཀྱང་འོད་ཀྱིས་འཇིག་རྟེན་གྱི་ ཁམས་མཐའ་དག་སྣང་བར་བྱེད་ནུས་པར་བསམ། རྡོ་རྗེ་དང་པདྨ་འདུ་བྱ་བ་ནི། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཨོཾ་རིང་པོས་མཚན་པ་ཡིན་ལ། རྭ་དབུས་མ་ནི་ནོར་བུ་ཡིན་ནོ། །ཨོཾ་དེའི་ཁ་དོག་དཀར་པོ་ནི། བྱང་ཆུབ་ཀྱི་སེམས་དཀར་པོ་དེ་མཚོན། མགོ་ནོར་ བུའི་བུག་པའི་ཕྱོགས་སུ་བསྟན་པ་ནི། བྱང་སེམས་ཐུར་དུ་བབ་པ་དེ་མཚོན། པདྨའི་དབྱིབས་ནི་ཕྱལ་ཕྱལ་དུ་མི་བྱེད་པར་སྦུག་པོ་ཡིན། ཟེའུ་འབྲུ་ལ་ཨཱ་བསྒོམ་བྱ་ལ་བྱེད་དོ། །ཨཱ་ནི་མགོ་ནང་དུ་བལྟའོ། །ཨཱ་ཚེག་དྲག་ཅན་དམར་པོས་ ནི་ཡུམ་གྱི་རཀྟ་དམར་པོ་དེ་མཚོན་ཅིང། པདྨའི་འདབ་མ་རྣམས་ནི་འབྲེལ་བ་ཡིན་ནོ། །རིན་འབྱུང་གི་ང་རྒྱལ་དུ་འཕོས་ཏེ་དངོས་ཀྱི་རིག་མས་བྱ་བ་ཇི་ལྟར་བྱེད་པ་ལྟར་མ་མཆུ་འཇིབ་པ། འོ་བྱེད་པ་དམ་དུ་འཁྱུད་པ་དང། གཙོ་བོའི་སྤྱན་ [079A]༄༅། །སྣ་རྩེ་ལ་ཕབ་སྟེ། ཡུམ་གྱི་འཛུམ་པའི་ཉམས་དང་སྤྱན་ཟུར་གྱིས་བལྟ་བ་ལ་གཟིགས་པ་དང། གཙོ་བོའི་གཡས་ཞལ་གྱིས་ཡུམ་གྱི་གཡོན་ཞལ་ལ་བལྟ་བ་དང། གཡོན་ཞལ་གྱིས་གཡས་ཞལ་ལ་བལྟ་བ་ལ་ སོགས་ཆགས་པའི་ཉམས་ལ་བརྟེན་ནས་བྱང་སེམས་མ་ཞུ་བར་ཡང་སྙོམས་འཇུག་གི་སྔོན་དུ་སྟོང་ཉིད་ཀྱི་འཛིན་སྟངས་ཀྱི་ངང་ནས་བདེ་བ་དཔག་མེད་བསྐྱེད་པའི་མོས་པ་བྱས་ནས་རིང་དུ་སྦྱངས་ན། སྐབས་འདིར་ཡང་བདེ་སྟོང་གྱི་ཉམས་ཆེན་ པོ་བསྐྱེད་པ་ཡོད་དེ། །དེ་ནས་ང་རྒྱལ་འཕོས་ཏེ་ཧཱུཾ་རིང་པོ་གླུ་རུ་བརྗོད་པར་བྱའོ། །ཧཱུཾ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་མཚོན་དོན་ཡིན་པས་ངག་ཏུ་བརྗོད་པའི་དགོས་པ་ཡང་སྐབས་འདིར་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པར་བྱའོ་སྙམ་དུ་དྲན་པའི་ ཆེད་ཡིན་ལ། སྙོམས་འཇུག་གི་ཚེ་ཆོས་གསུམ་གྱི་སྒོ་ནས་བྱེད་དགོས་ཏེ། རང་དང་རིག་མ་ལྷར་གསལ་བ་དང། སྙོམས་འཇུག་འདི་ལྟ་བུ་ཐབས་དམ་པའོ་སྙམ་པ་དང། བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུན་དུ་བསྐྱེད་པར་བྱའོ་ སྙམ་པའི་སྒོ་ནས་བྱེད་དགོས་ཏེ། དེ་ཡང་ཧཱུཾ་རྡོ་རྗེ་ལ་བཀོད་པ་མེད་ཀྱང་ངག་ཏུ་བརྗོད་པ་དང། རྡོ་རྗེ་ཧཱུཾ་ལས་བསྐྱེད་པའི་སྒོ་ནས་ཐུགས་རྡོ་རྗེ་མཚོན། ཨོཾ་གྱིས་སྐུ་རྡོ་རྗེ། ཨཱ་ས་གསུང་རྡོ་རྗེ་མཚོན་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ ཕྱེད་པ་མཚོན་ནོ། །རྡོ་རྗེ་དང་པདྨ་ཕན་ཚུན་བསྲུབ་པའི་བྱ་བ་བྱེད་པའི་ཚེ་ཧཱུཾ་ངག་ཏུ་བརྗོད་པ་ཡིན། དོན་གྲུབ་ཀྱི་ང་རྒྱལ་དུ་འཕོས་ནས་རྡོ་རྗེའི་བུ་ག་ཕཊ་སེར་པོས་བཀག་པའི་དམིགས་པ་བྱ། དེ་ཡང་ཁམས་ཕྱིར་འཕོ་བ་ནི་ཐུར་སེལ་གྱི་རླུང་གི་ [079B] ཐུར་སེལ་གྱི་རླུང་ཕྱིར་འཕོ་བ་ནང་དུ་འགོག་ཅིང་རེངས་པར་བྱེད་པ་ལ། ཕཊ་སེར་པོ་མགོ་ནང་དུ་བསྟན་པ་བསྒོམས་པ་ལ་རྟེན་འབྲེལ་ཁྱད་པར་ཅན་ཡོད་པ་ཡིན་ནོ། །དེ་ཡང་རྫོགས་རིམ་གྱི་སྐབས་མ་གཏོགས་འདིར་རླུང་ལ་དམིགས་ ནས་མི་སྒོམ་པར་དེ་མཚོན་བྱེད་ཀྱི་ཕཊ་སེར་པོ་བསྒོམ་པ་ཡིན་མཚོན་པའི་རྒྱུ་མཚན་ཡང་ཐུར་སེལ་གྱི་རང་མདོག་སེར་པོ་དང་ས་དེ་ཁམས་བཞིའི་ནང་ནས་སེར་པོ་ཡིན་པའི་སྒོ་ནས་བསྟན་པས་ནི་ཐུར་སེལ་གྱི་རླུང་ནང་དུ་རེངས་པར་བྱེད་པ་མཚན་ ནོ། །རྟེན་འབྲལ་དེ་རྣམས་ལ་བརྟེན་ནས་ཁམས་ཕྱིར་མི་འཕོ་བར་ནང་དུ་འཛིན་ནུས་པ་ཡིན་ཏེ། དེ་སྐྱེད་བར་བྱེད་པའི་རླུང་གི་ནུས་པ་ནང་དུ་རེངས་པའི་ཕྱིར་རོ། །བུ་ག་ཕཊ་ཀྱིས་འགོག་མི་འགོག་གི་དུས་གཉིས་ལས། མི་འགོག་པའི་དུས་ནི་ལྷའི་གསལ་ སྣང་བརྟན་པོ་བྱུང་བའི་ཚེ་ལས་རྒྱ་དང་ཡེ་རྒྱ་གང་ཡིན་ཀྱང་སྙོམས་འཇུག་གི་ཚེ་ན་རང་གི་རིག་མའི་དྲོད་དང་པདྨའི་རྩ་གཉིས་ཀྱི་མར་སྣ་ཕྲད་པའི་དམིགས་པ་བྱས་པ་ལ་བརྟེན་ནས་ནང་དུ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་དཔག་ཏུ་མེད་པ་སྐྱེས་པའི་མོས་ པ་བྱས་པ་ལ་བརྟེན་ནས་ཁམས་ཞུ་ནས་བབ་པ་ནོར་བུའི་རྩེར་སླེབ་པ་ཕྲད་པའི་ཚེ་མི་འགོག་གོ་བདེ་བ་སྐྱེས་པའི་ཚེ་སྟོང་ཉིད་ངེས་པའི་འཛིན་སྟངས་ཤུགས་དྲག་ངང་ནས་བདེ་སྟོང་དབྱེར་མེད་དུ་སྦྱར། ལྟ་བ་རིང་དུ་བསྒོམ། དེ་ནས་གོང་བཞིན་དུ་བདེ་ སྟོང་དབྱེར་མེད་ཀྱི་ངང་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ལ། ཐམས་ཅད་དབྱེར་མི་ཕྱེད་པའི་ངོ་བོར་མོས་པ་ཤུགས་དྲག་བྱེད་པ་བསྐྱེད་རིམ་པའི་བདེ་སྟོང་སྦྱོར་ལུགས་ཁྱད་པར་ཅན་ཡིན་ནོ། །བསྐྱེད་རིམ་གྱི་སྐབས་སུ་ཡབ་ཡུམ་ [080A]༄༅། །གྱི་རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསྒོམ་པ་ནི། དོན་ལ་རྫོགས་རིམ་གྱི་སྐབས་སུ་ཡབ་ཡུམ་གྱི་དྷཱུ་ཏཱིའི་ལམ་ནས་རླུང་འོད་ཟེར་ལྔ་བསྒོམ་པ་ནི་ཐིག་ལེ་གོང་བུའི་གཟུགས་སུ་གྱུར་ནས་གསང་གནས་སུ་འབབ་པའི་ སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་རོ། །སྒྲོན་གསལ་ལས། རླུང་ཐིག་ལེར་འགྱུར་ཞེས་གསུངས་པ་ལྟར་མཐོན་པོ་ཞིག་ནས་ཡིན་པ་འདུག་གོ་།ལུས་དཀྱིལ་གྱི་ཡིག་ཆུང་མན་ཆད་འདི་ཡིག་ཆུང་ཉེར་གཅིག་གི་ནང་དུ་གཞན་ནས་ཁ་བཀང་སྟེ་འདིར་ ཕྱོགས་གཅིག་ཏུ་བྲིས་པ་ཡིན་ནོ། །མངྒ་ལ། །